མ་འོངས་པར། ངས་ཇི་ལྟར་གཤོག་པ་བརྐྱང་།
མཐའ་ཡས་པའི་ནམ་མཁའ་ལ།
རྒྱང་སྐོར་བྱས་ནས་གནམ་འཕང་ག་ཙམ་སྐྱོད།
མ་འོངས་པར། སྲིད་པའི་མེ་ལོང་ལ།
མེ་ཏོག་གི་འདབ་མ་ག་ཙམ་བཞད།
རྒྱ་སེའི་མེ་ཏོག་རེའང་འཐུ་དབང་ཡོད་མེད་ཙམ་གྱིས།
མེ་འཁོར་དུ་བཞུད་དགོས་སམ།
ཡང་ན། བརྩེ་བའི་མེ་ཏོག་ལ།
ཁྱོད་རང་དང་མཉམ་དུ་བདུད་རྩི་ཐིགས་པ་རེ།
ས་ཆེན་དུ་དགྲམ་དགོས།
མ་འོངས་པར། ང་འདི་ལྟར་དབེན་པའི་རི་ཁྲོད།
ལུས་གསེར་སྐུ་ལ་ཐིམ་ཀྱིན།
སེམས་པ་དུང་ཟླ་དཀར་པོའི་ཉེ་འགྲམ།
ཟློས་གར་ལྷ་མོ་ཡི་པང་ནས།
ཁྱོད་དང་མཉམ་དུ་མི་ཚེ་གླེང་དགོས།
༼ དབྱངས་ཞི་བ།༽
