ཀྱེ་བརྩེ་བའི་བདག་མོ་བྱམས་ལྡན་མ། །
བུས་འབོད་པ་རིང་མོ་ཐོས་སམ་ལགས། །
ངའི་དྲན་རྟོག་གསང་བའི་མེ་ལོང་ངོར། །
ཕྱག་སོར་མོའི་འཁྱུད་རྒྱ་མངོན་པར་མཛོད། །
ཁྱེད་ཤེས་རབ་དབྱངས་ཀྱི་ལྷ་མོ་སྟེ། །
མ་སེམས་ཅན་བྱམས་པའི་སེམས་མ་འོ། །
དཔལ་བཅོམ་ལྡན་འདས་མ་དབྱངས་ཅན་ལྷ། །
ངའི་མགྲིན་པའི་ཁབ་ཏུ་ཕེབས་རོགས་ཞུ། །
རླུང་བསིལ་བུ་ལྡང་བའི་ཕར་ངོགས་ན། །
ཚེས་བཅོ་ལྔའི་ཉ་གང་ཟླ་བ་བཞིན། །
འོད་རང་མཆིས་རང་བྱུང་ལྷ་མོ་ལགས། །
ལུས་དྲི་བསུང་འཐུལ་བཞིན་འབྱོན་དགོས་ཨ། །
ད་དབྱངས་ཅན་ལྷ་མོ་ཕེབས་ཤོག་དང་།
ངས་བརྩེ་བའི་མེ་ཏོག་བཤམས་ནས་ཡོད། །
སེམས་དད་པའི་དབུས་སུ་འབྱོན་མཛོད་དང་། །
དབྱངས་སྙན་མོའི་མཆོད་པ་ཁྱེད་ལ་འབུལ། །
ཚིག་སྙན་མོའི་བུམ་ཆུང་ཕྱག་གིས་བསྣམས། །
དོན་བདེ་ལེགས་སྟོན་པའི་ཤེས་རབ་ལྷ། །
ཞལ་འཛུམ་ཆུང་དང་བཅས་ཕེབས་ཤིག་དང་།།
མགུར་རིང་མོས་བསུ་མ་བྱ་ཡང་ཆོག །
གཡུ་སྔོན་མོའི་ཕྲ་རྒྱན་བཏགས་པའི་གཟུགས། །
གཟུགས་རྨ་བྱའི་བུ་མོའི་དཔུང་རོགས་ཏེ། །
ལུས་ལྷུན་གྲུབ་རང་བྱུང་ཤེལ་གྱི་མདངས། །
མ་མཚོ་བྱུང་བདག་གི་དགའ་མ་ལགས། །
ང་ཁྱོད་ལ་དགའ་སོང་རབ་དགའ་མ། །
ཁྱོད་ང་ལ་ཨེ་དུང་ཚངས་སྲས་མ། །
ཚེ་གཅིག་གི་ཞུ་ས་འབོད་ས་ཡིན། །
ངའི་གམ་དུ་འབྱོན་ཤོག་དཔུང་གཉེན་མ། །
ལུས་པདྨའི་སྟེང་དུ་བཞུགས་དང་ལྷན། །
གོས་སྲབ་མོ་གྱོན་པའི་གཏམ་ཞིག་ཐོས། །
ཁྱེད་གྲང་བར་དོགས་ན་འདིར་ཕེབས་དང་། །
ངས་རུམ་ཁ་ཕྱེས་ནས་སྒུག་ཀྱང་ཆོག །
སེམས་བུམ་པའི་ནང་གི་མར་མེ་སྟེ། །
གཞི་གདོད་མའི་ངོ་བོ་ཤེས་རབ་ཉིད། །
ལྷ་བདེ་སྟོང་ཆོས་ཉིད་རོལ་བ་དེས། །
ད་སེམས་ཀྱི་མུན་པ་བསལ་བར་མཛོད། །
ལས་འཇིག་ཚོགས་ལྟ་བ་ལྕགས་སྒྲོག་གིས། །
ལུས་བསྡམས་པའི་ཉམ་ཐག་ང་ཅག་ལ། །
ཐུགས་བརྩེ་བའི་དམ་ལྷོད་མ་འཆོར་བར། །
ཕྱག་དྲོན་མོས་གཉོར་དགོས་དབྱངས་ཅན་མ། །
ངའི་ཚོགས་དྲུག་སྣང་བའི་མེ་ཏོག་དག །
དབྱངས་སྙན་མོ་ཞིག་གི་མཚོན་དོན་ཡིན། །
ངག་གསོལ་བ་འདེབས་པའི་ཚབ་ཅིག་ཡིན། །
གོ་སོང་ངམ་ངག་དབང་དབྱངས་ལྡན་མ། །
གཟུགས་ལྡེབས་རིས་ངོས་སུ་བྲིས་པ་དེ། །
ཕྱིའི་མཚོན་དོན་དབྱངས་ཅན་ལྷ་མོ་ཡིན། །
དབྱངས་སྙན་མོ་སེམས་སུ་རྒྱུ་བ་ཉིད། །
ནང་རང་རིག་དབྱངས་ཅན་ལྷ་མོ་ཡིན། །
༼ རྫ་ཤུལ་བློ་བཟང་། ༽
