རབ་རིབ་བོར་བའི་མཐོང་བ་མིག་ཏུ་ཟུག །
མཚན་མོའི་མཐོང་བ་སྐར་མ་གཅིག་པུར་གྱུར། །
ཁེར་རྐྱང་ཙོག་པའི་རང་ཉིད་ཅི་ཞིག་ཀྱང་། །
ནམ་མཁར་གཡེང་སྟེ་ལྷིང་འཇགས་ཞེ་ཡིས་ཚོར། །
རྒྱང་རིང་མི་ཚོགས་གཉིད་ཀྱི་སྔུར་བ་སྒྲོག །
ཤག་ཆུང་གཅིག་ཏུ་ཕལ་བའི་ལས་སྣང་འོག །
གྲིབ་མ་ཞིག་དང་ང་རང་གཉིས་ཀ་ནི། །
འཕྲད་པ་འདི་ཡང་བདག་གི་ལས་དབང་སྙམ། །
སྟོང་པའི་འཇིག་རྟེན་ང་ཡི་འཚོ་རོགས་ཏེ། །
བསམ་གྱིན་བསམས་ན་ང་ཡང་སྟོང་པ་ཞིག །
སྐར་མར་གཅེས་པའི་ཁེར་འགྲོ་ཁེར་བཞུད་པ། །
མཚན་མོའི་འགྲོས་སུ་ཤ་ཚའི་མི་བུ་ཡང་། །
མཐོང་བ་འོད་ཀྱང་སྐར་མའི་གཟི་མདངས་ལ། །
ཡིད་འོང་འཚོལ་བ་ཕལ་བའི་ལས་སྣང་གིས། །
རེ་ལྟོས་བསྙལ་བའི་ཡུན་རིང་དུས་ཚོད་དག །
དོ་ནུབ་བཙལ་བས་སླར་ཡང་འཕྲད་པར་སྒུག །
བརྩེ་བས་འཁྱུད་པའི་རྨི་ལམ་བརྒྱ་སྟོང་ཁྲོད། །
སྐར་མའི་འོད་ལྟར་བཀྲག་མདངས་ཆུང་ན་ཡང་། །
སེམས་ཀྱི་ཚོར་རླབས་གཡོ་བ་ཤུགས་དྲག་པས། །
མཚན་མོའི་འགྲོས་སུ་སེམས་དང་ཁ་ཐག་ཐུང་། །
མིག་སྣང་དབུས་ཀྱི་སྐར་མ་སྣ་ཚོགས་ཀྱང་། །
སྨིན་དྲུག་འདྲ་བའི་སྐར་མ་དཀོན་པའི་ཚད། །
དོ་ནུབ་བདག་ཀྱང་མཚན་མོར་གཡེང་དུས་སུ། །
སེམས་ཐག་ཉེ་བའི་སྐར་མ་གཅིག་ལས་མེད། །
མཚན་མོའི་གཞུང་དུ་སྐར་མ་གྲང་བས་འདར། །
སྐར་མའི་ལང་ཚོ་ནམ་མཁའ་སྟོང་པར་གསལ། །
མིག་ལམ་ནང་ནས་མཐོང་བ་ཡིད་འོང་ཚོགས། །
བས་མཐའི་མཐོང་བ་སྐར་མ་ག་ཚོད་མཆིས། །
༼ ཁམས་འོད་གསལ། ༽
