国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབུལ་པོའི་མིག།

ཨ། ང་དེ་རིང་ཁྱོད་ལ་ཞེན་པ་ལོག་དོན་ཅི་ཡིན་པ་ཁྱོད་ཀྱིས་ཤེས་སམ། གསལ་བཤད་གསལ་པོ་ཞིག་བྱ་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་བཤད་ཅི་དགོས། འོན་ཀྱང་ཁྱོད་ཀྱིས་འདི་ཡོད་ཚད་ལ་རྒྱུས་ལོན་དགོས་ཟེར་ན་དེ་ལས་ཀྱང་དཀའ། ངའི་སེམས་སུ་ཁྱོད་ནི་མཁས་རློམ་རང་འདོད་ཅན་གྱི་བུད་མེད་ཀྱི་དཔེ་མཚོན་ཞིག་ཏུ་སྣང་།

ང་ཚོ་མཉམ་དུ་ཉིན་གང་པོར་གནས་ཀྱང་ངས་སྔར་བཞིན་དུས་ཚོད་ཐུང་དྲགས་སོང་སྙམ། ང་ཚོས་ཕན་ཚུན་ལ་མི་འགྱུར་སེམས་ཀྱི་དམ་བཅའ་བཞག་སྟེ། བསམ་པའི་འཁྱེར་སོ་གཅིག་མཐུན་བྱུང་བས་མ་ཚད་རྣམ་ཤེས་ཀྱང་དུས་དེ་ནས་བཟུང་གཞི་གཅིག་ཏུ་འདྲེས་ཡོད། དོན་དངོས་སུ་ཕུགས་འདུན་དེ་རིགས་ལ་ཁྱད་མཚར་གྱི་ཆ་གང་ཡང་མེད་ཅིང་། མི་ཚང་མས་སྟོང་བསམ་དེ་འདྲ་འཆང་གིན་ཡོད་ཀྱང་མངོན་འགྱུར་ཐུབ་མཁན་གཏན་ནས་འབྱུང་མེད།

དགོང་མོར། ཁྱོད་ཅུང་ཐང་ཆད་པ་འདྲ། གསར་དུ་སྒོ་ཕྱེས་པའི་ཁོ་ཧྥེ་ཁང་དེ་ལ་སོང་ནས་འདུག་འདོད་སྐྱེས། ཁོ་ཧྥེ་ཁང་དེ་སྲང་ལམ་གསར་པ་ཞིག་གི་ཟུར་དུ་གནས་ཡོད། ལས་མཇུག་ད་དུང་ཡོངས་སུ་རྫོགས་མེད་ཀྱང་རྒྱས་སྤྲོས་ཀྱི་ཉམས་ཤིན་ཏུ་ཆེ། ཝ་སི་གློག་སྒྲོན་གྱི་འཚེར་ནུས་འོག་ཏུ་ཁོ་ཧྥེ་ཕོར་པ་ལས་འོད་རླབས་ཆེམ་ཆེམ་དུ་འཕྲོ། ཕྱོགས་བཞིའི་གྱང་གི་ཁ་དོག་ཁ་བ་ལྟར་དཀར་ཞིང་མིག་ལ་གཟན་པ་དང་། མེ་ལོང་ཆེན་པོ་རེ་རེ་ནས་གསལ་འོད་བཀྲ། ཁང་ཀླད་ཀྱི་གནམ་གཅལ་ལས་གསེར་མདངས་འཕྲོས། བཞིན་རས་རྒྱགས་ཤིང་ཟླུམ་པའི་གཡོག་པོས་ལག་ཏུ་ཐག་པ་བཟུང་ཞིང་ཁྱིའི་རྗེས་སུ་འབྲངས། ལྕམ་མོ་རྣམས་ཀྱིས་ལག་གི་རྔོན་གླག་ལ་བལྟས་ནས་འཛུམ་དམུལ་དམུལ་བྱས། ལྷ་མོ་ཁྱུ་དང་ཁྱུ་ཡིས་མགོར་ཤིང་ཏོག་དང་བག་ལེབ། ཤ་རིགས་བཅས་ཁུར་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད། ཧོ་པའེ་དང་ཅ་ཉི་སྨི་ཏེས་ལག་ངར་གཉིས་བསྲིངས་ནས་འོ་སྣུམ་མངར་དཀགས་གང་བའི་རྫ་སྣོད་གྲུ་བཞི་ཞིག་ཁྱེར་ཡོང་གིན་ཡོད། བྲེལ་འཚུབ་ངང་ཡར་མར་རྒྱུག་པ་དང་ལྷ་སྒྲུང་གི་སྣང་ཚུལ་དུ་མངོན་པ་དེ་དག་ཚང་མའི་དམིགས་ཡུལ་གཅིག་པ་སྟེ་ཁ་བསོད་འཐོབ་པའི་ཆེད་དུ་རེད།

ང་ཚོའི་མདུན་ཕྱོགས་ཀྱི་གཞུང་ལམ་དུ་ལོ་བཞི་བཅུ་ལྷག་ལ་སོན་པའི་སྐྱེས་པ་ཞིག་ལངས་འདུག། ཁོའི་གདོང་ལས་ཐང་ཆད་པའི་ཉམས་དོད་ཅིང་། ཁ་སྤུ་སྐྱ་ཐལ་དུ་སོང་ལ། ལག་གཡས་པས་བྱིས་པ་ཞིག་ཁྲིད་པ་དང་གཡོན་པས་འགྲོ་མི་ཤེས་པའི་ཕྲུ་གུ་ཞིག་པང་དུ་ཁུར་ཞིང་གཡོག་མོའི་འགན་འཁྲི་དང་དུ་བླངས་ཏེ། བྱིས་པ་ལ་མཚན་མོའི་མཁའ་དབུགས་རྔུབ་ཏུ་ཁྲིད་ཡོང་བ་འདྲ། ངོ་གདོང་གསུམ་པོ་ཧ་ཅང་གཟབ་ཅིང་ནན་ལ། མིག་དྲུག་པོས་གསར་དུ་སྒོ་ཕྱེས་པའི་ཁོ་ཧྥེ་ཁང་ལ་ཅེར་བ་དང་། མིག་མདངས་ལས་རེ་སྨོན་འཆར་རུང་ལོ་ཚོད་ཀྱི་ཁྱད་པར་ལས་ཅུང་ཟད་འདྲ་གིན་མི་འདུག།

ཨ་ཕའི་མིག་ལས“ངོ་མ་མཛེས། ངོ་མ་མཛེས། འཇིག་རྟེན་སྐྱོ་མཔོ་འདིའི་གསེར་ཚང་མ་གྱང་དེར་སྤུངས་འདུག”པའི་མདངས་ཤར།

བྱིས་པའི་མིག་ལས“མཛེས། ངོ་མ་མཛེས་པོ་འདུག། ཡིན་ནའང་ཁང་པ་འདིའི་ནང་ང་ཚོ་དང་མི་འདྲ་བའི་མི་མ་གཏོགས་ནང་དུ་འགྲོ་མི་ཐུབ་པའི”མདངས་ཤར།

ཕྲུ་གུ་ཆུང་བ་དེ་ལ་མཚོན་ན། མདུན་ལྗོངས་ཀྱིས་མིག་འཁྲུལ་དུ་བཅུག་ནས་ཁོའི་མིག་མདངས་ལས་དགའ་སྤྲོའི་རྣམ་འགྱུར་གླེན་ཐག་ཆོད་པ་ཞིག་ལས་མཐོང་མི་ཐུབ།

སྒྱུ་རྩལ་པ་ཚོའི་གླུ་ཚིག་ལས་དགའ་བས་ཚེ་སྲོག་བཟང་དུ་བསྒྱུར་ཅིང་སྤྲོ་བས་སེམས་པ་ལྷུག་ཏུ་གཏོང་བར་ཐོས། དོ་དགོང་གི་ང་ལ་མཚོན་ན། གླུ་ཚིག་དེའི་བཤད་སྟངས་དང་ཏག་ཏག་འགྲིག་ཡོད། ངེད་མིག་དྲུག་ཅན་གྱི་ཁྱིམ་ཚང་འདི་ལ་བརྩེ་བ་ཆགས་པར་མ་ཟད། ཐ་ན་མདུན་གྱི་ཟས་ཆང་ཕུན་སུམ་ཚོགས་པོ་དེར་ངོ་གནོང་དགོས་པ་ཞིག་ཀྱང་བྱུང་། ངས་མིག་ཕྱིར་བསྐོར་ནས་ཁྱོད་ཀྱི་སྤྱན་ལ་བལྟས། ངའི་ཆེས་སྙིང་ཉེ་བ་ལགས། ངས་སྤྱད་ཡངས་པའི་གསེང་ནས་རང་ཉིད་ཀྱི་བསམ་བློ་ཤེས་ན་འདོད། ཁྱོད་ཀྱི་མིག་སྔོན་པོ་དེ་ནི་མཛེས་ཤིང་སྡུག་ལ་འཇམ་ཞིང་མཉེན། བརྩེ་འདང་ཉམས་ཀྱིས་ཁེངས་ཤིང་དུང་ཟླ་ལྟར་དྭངས་ཤིང་གཙང་། ངས་ཁྱོད་ཀྱི་མིག་མདངས་ནས་ཅི་ཞིག་འཚོལ་བཞིན་ཡོད་མོད། སྐབས་དེར་ཁྱོད་ཀྱིས་ང་ལ། མི་འདི་དག་གིས་མིག་ཟུང་དེ་འདྲ་ཆེས་ཆེར་བགྲད་པ་དེ་རླངས་འཁོར་ཚོང་ཁང་གི་སྒོ་ཆེན་དང་འདྲ་བ་ནི་དངོས་གནས་བཟོད་ཐབས་བྲལ་བ་ཞིག་རེད། ཁྱོད་ཀྱིས་ཁོ་ཧྥེ་ཁང་གི་ཚོང་བདག་ལ་ཁོ་ཚོ་ཕྱིར་བསྐྲད་དུ་འཇུག་མི་རུང་ངམ། ཞེས་བཤད། འོ། ངའི་སྙིང་སྡུག་ལགས། སེམས་འདྲིས་པ་ནི་ཅི་འདྲའི་དཀའ་མོ་ཞིག་རེད་ཨང་། མི་རྣམས་ཀྱི་བསམ་བློ་དེ་ནམ་ཡིན་ཡང་འོ་ཆུ་གཅིག་འདྲེས་བྱུང་མི་སྲིད་པ་སྟེ། དུང་བ་རུས་ལ་ཟུག་པའི་དགའ་རོགས་ཡིན་ནའང་དེ་ལས་མ་འདས་སོ།།

༼ པོ་ཏེ་ལེར་གྱིས་བརྩམས། མིག་དམར་གྱིས་བསྒྱུར། ༽