国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོར་བའི་རྟོག་འགྱུ།

ཡན་ལག་བརྒྱད་ལྡན་ཆུ་ཡིས་མི་དག་ཅིང་།།

ནོར་བུ་ཀེ་ཏ་ཀས་ཀྱང་མི་དྭངས་ལ།།

ཉི་ཟླའི་སྣང་བས་འཁྱུད་ཀྱང་མི་འཛུམ་པའི།།

སྒེའུ་ཁུང་ཡོལ་བའི་འདབ་མ་སུ་ཡིས་འབྱེད།།

ཀ་ཁའི་ཕང་འགྲོ་ཡིད་ཀྱི་སོར་རྩེས་སྦྲེང་།།

བསམ་གཞིག་གླུ་དབྱངས་ལེན་གྱིན་ལེན་གྱིན་དུ།།

འཇིག་རྟེན་གསར་པ་མཐོང་བའི་གཟུགས་མེད་མིག།

ཚོར་བའི་ཁ་ཚུབ་ཕྱོགས་སུ་ཀེམ་ཀེམ་གཡོ།།

ངལ་བའི་རྔུལ་ཆུས་གླལ་སྒྱིང་དགའ་ཚལ་བརླན།།

གཉིད་ཀྱི་པད་མའི་ཟིལ་མངར་ཅི་ཡང་བརྟས།།

རྫི་མའི་བུང་བ་མྱོས་པས་འགྱེལ་རྩོམ་ཡང་།།

དུས་ཀྱི་དབྱར་ཁའི་སྐྱེ་འཆི་བསམ་བཞིན་བརྟུན།།

གང་ཞིག་ལུས་ཅན་སྨྲ་བའི་འབབ་སྟེགས་ལས།།

ཁྱོད་རང་དཀར་རམ་ཡང་ན་ནག་པའི་ཚུལ།།

ཇི་ལྟར་འཆད་པའི་ཟློས་གར་འཁྲབ་མོད་ཀྱང་།།

རང་ཉིད་ངོ་བོའི་གཤིས་འདི་བསྒྱུར་ནུས་སམ།།

དྭངས་བསིལ་གྲུ་ཆར་ཤག་ཤག་འབབ་པའི་རྒྱུན།།

དཔྱིད་གསར་སྒེག་མོའི་བྱད་བཞིན་བཀྲུས་པ་ལྟར།།

རེ་ཞིག་སྣང་བ་མག་མོག་ཨ་དར་ཤ།

དཔེ་ཀློག་ཕྱགས་དར་བགྱིས་པས་གཟུགས་ཀུན་གསལ།།

༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽