སྣང་བ་འཁྲུལ་བའི་འཇའ་གཟུགས་འདི། །
འཆར་བའི་མཐོང་སྣང་མི་ཁོག་པར། །
ཡོད་ཙམ་སྡོད་པའི་སྐད་ཅིག་མར། །
རྣམ་རྟོག་འགྱུ་བའི་འདུ་འཕྲོ་འདི། །
རང་སེམས་གཉུག་མའི་ངོ་བོ་ཡིན། །
སྨུག་སྤྲིན་འཁྲིགས་པའི་རི་སུལ་དུ། །
ཞི་བའི་རང་སེམས་བསྲུངས་པ་ན། །
རྣམ་རྟོག་ཡན་པའི་མེ་ལོང་ངོས། །
ཡིད་འོང་པད་མའི་གླིང་ག་ནས། །
ངག་རིག་འཕྲུལ་བའི་ཟླ་བ་བྱོན། །
སེམས་ཀྱི་སྨུག་པ་ལང་ལོང་གཡོ། །
མཁའ་རུ་རྒྱུ་བའི་མཆོག་མ་ཉིད། །
སྟོན་གྱི་སྙེ་མ་འཐོར་བའི་རྗེས། །
སེམས་ཀྱི་སྐད་ཆ་སྨྲེང་བ་ན། །
མིག་ཟུང་བོར་བའི་རྒྱང་རིང་དྲན། །
སེམས་ཀྱི་ཉི་ནུབ་མཐོང་བ་ནས། །
ཞལ་གྱི་ཟིལ་བ་དལ་གྱིས་བཞུར། །
སྙིང་དུ་སྡུག་པའི་ཡིད་འོང་མ། །
ཚོར་བའི་རླངས་པ་འཐོར་བ་ན། །
ངལ་དུབ་ཚོར་བའི་གྲུ་ག་ཉུལ། །
ང་ཡི་མཐོང་སྣང་འདི་ག་ནས། །
ཞེ་ལ་འོང་བའི་གར་མ་ཉིད། །
ངག་གི་འཁྲི་ཤིང་མི་གཡོ་བར། །
སེམས་ཀྱི་དྲ་བ་འགུལ་བ་ན། །
ཁྱོད་ཉིད་བདག་གི་ཚལ་དུ་བྱོན། །
༼ ཁམས་པ་རབ་དབྱངས། ༽
