国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ན་ཆུང་སྣང་བའི་ མེ་ཏོག།

ཁྱོད་རང་དགུང་སྔོན་ཟླ་བའི་མཛེས་པ་ཨེ་ཡིན། །

ལོ་ཟླའི་ནགས་ཚལ་ཀློང་གི་ཁུ་བྱུག་ཡིན་ནམ། །

རྒྱ་ལྕང་སྐྲ་ལོའི་གསེབ་ལ་མེ་ཏོག་བབས་འདུག །

འཕྱོར་ཆེན་ལུས་ཀྱི་གཟུགས་ལ་བུང་བ་འཁོར་འདུག །

བཞིན་བཟང་ན་ཆུང་ཁྱོད་ནི་རྩྭ་ཐང་སྟེང་གི། །

སྐྱི་བསེར་རླུང་བུར་བསྡེབས་ནས་གང་དུ་སྐྱོད་དམ། །

ཕར་བལྟས་གཙང་པོའི་འགྲམ་དུ་ཕེབས་ཙམ་བྱུང་ན། །

མཇལ་འཕྲད་ལས་ཀྱི་རྨི་ལམ་མངོན་དུ་འགྱུར་རོ། །

སྙན་འཇེབས་དབྱངས་རྟའི་ངག་ལ་ཚེ་སྲོག་བཏང་ཡོད། །

འཇོ་སྒེག་ལུས་ཕྲའི་མདུན་དུ་བརྩེ་འདང་འཁྱིལ་ཡོད། །

གདོད་མའི་རི་ཀླུང་བརྒལ་ཏེ་གང་དུ་འཚོ་ཡང་། །

དཀར་ནག་ལམ་བུའི་མཚམས་ནས་སུ་ལ་སྒུག་གོ། །

རི་དྭགས་འཆིར་འཇུག་གསེབ་ཀྱི་འཁྲུལ་སྣང་ཨ་འཐས། །

བདེན་ཞེན་ཡིད་ལ་འཛིན་པའི་སོ་སྐྱེས་ཕལ་བ། །

ཆགས་སྡང་ཞེ་འདང་རིང་མོའི་སྒྲོ་གུར་ཕུབ་སྟེ། །

མཚར་སྡུག་སྒྲ་ཅན་མ་ཡི་དམ་ཚིག་སྲུངས་དང་། །

བྱིང་གནས་འདམ་བུའི་ཚལ་དུ་གོམ་པ་མ་སྤོ། །

རིག་གཞུང་མེ་ཏོག་འཐུ་བར་སེམས་པ་སྐྱེད་དང་། །

ཕ་སྐད་མ་ཡིག་རུས་པའི་གཏིང་ལ་ཟིམ་ན། །

ཕ་མའི་དགྱེས་འཛུམ་དཀར་པོ་ཡལ་ཐབས་ཅི་ཡོད། །

འཁོར་བ་མི་ཡུལ་དུག་གི་སྦྲུལ་ཚང་གླེགས་ནས། །

ཕྲག་དོག་ང་རྒྱལ་རྩ་བ་ཡང་ནས་ཆོད་དང་། །

ཡིད་ཀྱི་གསོམ་ཤིང་ཡིན་པའི་ང་ཡི་སྙིང་ཆུང་། །

མ་འོངས་ཞི་བདེའི་འཚོ་བར་ལོངས་སུ་སྤྱད་ཆོག །

བདག་གིར་ཡིད་འོང་པདྨའི་སྐྱེད་ཚལ་དེ་ནས། །

གནམ་སའི་མི་ཁྱོད་འཇའ་ཡི་ཟོལ་དུ་བབས་པས། །

དགའ་བདེ་ཚོར་བས་བསླས་པའི་མགུལ་ཆུང་དེ་གས། །

མགྲོན་བསུ་སྔུན་ལ་གཏོང་བའི་ཕོ་ཉ་བྱས་སོ། །

སྟོད་གཡོགས་མེ་ཏོག་ཀླུབ་པའི་ནོར་འཛིན་པང་ལ། །

ནག་ནོག་རྡུལ་གོས་མེད་པའི་བཞིན་བཟང་ཁྱོད་ཀྱིས། །

ཕྱག་སོར་རྒྱུད་མངས་དཀྲོལ་ཏེ་གླུ་ལ་ཞུགས་པས། །

ང་ཡི་ཞི་ཞིང་འཇམ་པའི་ལྷིང་འཇགས་དཀྲུགས་སོང་། །

ལོ་ཟླའི་མཁའ་ལ་བྲིས་པའི་ཤོག་དཀར་ངོས་སུ། །

ཁྱོད་ཀྱིས་མཛེས་སྡུག་མཐའ་དག་ཕབ་ཁུལ་བྱས་ཀྱང་། །

བདག་གི་ངག་རིག་རྩལ་ལ་བར་ཆད་བྱུང་བས། །

རེ་འགའ་གཞན་ལས་གང་ཞིག་བྲི་དགོས་མ་འཇོན། །

འཆར་ཡན་ཀུན་རྟོག་དབྱངས་ཀྱི་ངག་རིག་བཟི་ཆང་། །

རྔུབ་བཞིན་རྒྱང་རིང་ཕྱོགས་སུ་ཁེར་རྐྱང་བགྲོད་ཀྱང་། །

སྣང་སེམས་འཁོར་འདས་ཀློང་གི་གནས་བྱེད་མ་ལ། །

བདེ་མོའི་ཚིག་གསུམ་གློད་དགོས་སེམས་སུ་དྲན་ཡང་། །

མཚོ་བྱུང་དགེ་ལེགས་འཛུམ་པའི་རིག་བྱེད་སྙན་གླུ། །

མ་བཅོས་རིང་ནས་རྡོལ་བའི་སྙན་ངག་མཁན་པོའི། །

དམར་ཆུང་སྙིང་དང་མཚུངས་པའི་ན་ཆུང་ཁྱོད་ནི། །

སྲིད་པའི་གྲོང་ནས་ཀུན་ལས་ལྷག་པ་ཞིག་གོ། །

༼ ཁམས་ཟླ་སྲས། ༽