国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོགས་པ་མེད་པའི་ མགུར་མ།

ཕྱི་ཚུལ་བཅོས་མ་ཡིན་ནོ་འགྱུར་འགྲོ་ལགས། །

ང་ཡི་གཤིས་ཀ་འདི་ལ་མ་བརྟག་རོགས། །

སྐྱིད་སྡུག་གཉིས་ཀ་ཐེག་པའི་སེམས་པ་འདིས། །

འཁོར་བའི་སྙིང་པོ་ཟེར་བ་གནའ་ནས་རྟོགས། །

མཐའ་མེད་སྣང་བ་རྟ་ཕོ་སྲབ་མེད་ཅིག །

ང་ཡིས་འདི་ལ་བདག་པོ་མི་ཐུབ་ལགས། །

ལོ་ན་མི་ཆེ་མི་ཆུང་ཉི་ཤུའི་ནང་། །

སྣང་བ་རླུང་གི་ཤིང་རྟ་གང་སར་གཡོ། །

སྨྲ་ལྕེ་གློག་གི་སྟངས་སྟབས་འཁྱུག་ཐེངས་རེར། །

དབྱངས་ཅན་ལྷ་ཡི་བྱིན་རླབས་རང་འཁོར་ཡིན། །

སྙན་ངག་དབྱངས་ཀྱི་གླིང་བུ་དེ་ག་རུ། །

མིང་ཚིག་གཡུ་བྱུར་ནོར་བུའི་ཕྲ་རྒྱན་བཏབ། །

ཉི་འོད་རེ་རེ་ཤར་ནས་ནུབ་ལ་བསྐྱོད། །

གྲིབ་བརྙན་རེ་རེ་ཉིན་ནས་སྲིབ་ལ་སླེབས། །

རེ་དོགས་བློ་ཡི་མུན་པ་འཐིབ་ཐེངས་རེར། །

སྒྱུ་རྩལ་ཟེར་བ་སེམས་ཀྱི་འཁྲུལ་གཞི་ལགས། །

འདི་ལྟར་མ་རེད་མ་གསུང་ཡིན་ནི་རེད། །

ཡིན་ལུགས་བློ་ཡིས་དཔྱད་ན་ག་འདྲ་ལགས། །

ན་ཚོད་ཡུན་གྱིས་བསྲིངས་ཏེ་རྒ་ཡང་སྲིད། །

སྲོག་ནི་ཆ་མེད་ཚུལ་གྱིས་ཆད་ཀྱང་སྲིད། །

འཚོ་བའི་ཉིན་སྲིབ་འཇལ་བའི་ལུང་མདོ་ནས། །

འཇིག་རྟེན་འཁོར་བའི་ཆོས་ཉིད་ཡིན་ཚུལ་འཆད། །

དེ་ཡང་སེམས་པའི་ཕྱི་ནང་དྲོས་ཐུབ་པའི། །

ཉི་མའི་འོད་ཀྱི་ཕུང་པོ་ཡིན་ཁུལ་བྱས། །

ཉིན་རེར་འདས་སོང་ལོ་ཟླ་ཕྱིར་དྲན་བྱས། །

སྐྱོ་བའི་མགུར་མ་ཨ་སྔོན་དབྱིངས་སུ་འཐེན། །

ཡང་ན་སྨྲ་མེད་ལྐུགས་པའི་བརྟུལ་ཞུགས་འཛིན། །

རེད་ཡ་འཁོར་བའི་རྨི་ལམ་ཐེངས་ཤིག་གིས། །

བརྗོད་མེད་དགའ་སྐྱོའི་རི་ལུང་གྲངས་མེད་ཉུལ། །

ཕྱོགས་ཞེན་འཛིན་མའི་རྒྱ་རུ་ཡང་ཡང་ཚུད། །

༼ དཔལ་ལྡན་རྒྱ་མཚོ། ༽