དཔྱིད་ཀ་ཤར་བ་དང་བསྟུན་ནས་འབྲི་ཆུ་འགྲམ་གྱི་ཁམ་བུ་ནགས་ཚལ་མུའུ་ཁྲི་ལ་མེ་ཏོག་རབ་ཏུ་བཞད་ཡོད་ཅིང་། ཡུལ་ལུང་ཐམས་ཅད་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་ཤིག་ཏུ་གྲུབ། རི་ཆུས་སྔོ་ལྗང་གོས་བཟང་བཀླུབས་ཏེ་སྣོད་བཅུད་ལ་གསོན་ཤུགས་དང་སྤྲོ་སྣང་བྱིན། ས་གཞི་སྟེང་གི་སྐྱེ་དངོས་དང་སྲོག་ཆགས་འབུམ་ཕྲག་ལ་ཚེ་སྲོག་གསར་པ་རྒྱས་ཤིང་། འཛིན་མའི་ཁྱོན་ཡོངས་ལ་མཛེས་སྡུག་དང་བདེ་སྐྱིད་ཀྱིས་ཀུན་ཏུ་གཏམས་ཡོད།
འབྲི་ཆུའི་འགྲམ་དུ་སྦས་པའི་ཚུལ་དུ་ཡོད་པའི་མུའུ་ཁྲི་ལྷག་གི་རི་སྐྱེས་ཁམ་བུ་ནགས་ཚལ་དེ་རྒྱལ་ཡོངས་ཀྱིས་དོ་སྣང་བྱེད་སའི་མཐོ་སྒང་གི་མིང་བྱང་ཞིག་ཏུ་གྱུར་ནས་ལོ་མང་རིང་ལ་ཡུལ་སྐོར་དུས་ཚིགས་བཟང་ཤོས་ཀྱི་རྒྱུན་བསྐྱངས་ཐུབ་ཡོད། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལོ་ལྔའི་རིང་ལ་ཆེད་བཀོད་ལེ་ཚན་དུ་སྡེ་རོང་ཁམ་བུ་མེ་ཏོག་གི་མཛེས་སྡུག་སྒྲོག་སྤེལ་བྱས་ནས་སྡེ་རོང་ཁམ་བུ་མེ་ཏོག་གི་བཀྲག་མདངས་གཡང་རྩེའི་སྒང་ལ་ཡས་སྒྲོན་དུ་གྱུར།
སྡེ་རོང་ཁམ་བུ་མེ་ཏོག་བཞད་ཐེངས་རེ་རེར་ཡིད་དབང་འཕྲོག་ཤུགས་ཐུན་མོང་མ་ཡིན་པ་ཡོད་དེ། རྒྱལ་ཁབ་ཕྱི་ནང་གི་གཙོ་རྒྱུན་འཕྲིན་སྦྱོར200ལྷག་གིས་ཟུར་ཚད་མང་བ་དང་རྣམ་པ་མང་བ། སྐད་རིགས་མང་བ་བཅས་ཀྱི་སྒོ་ནས་སྒྲོག་སྤེལ་བྱས་པར་བརྟེན། བརྒྱུད་སྤེལ་བྱེད་ཐེངས་རེ་རེར་སྟོབས་ཤུགས་མངོན་གྱིན་ཡོད། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དྲ་བའི་ཅོག་ངོས་སུ་རྒྱ་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་ངོ་སྤྲོད་བྱས་ཤིང་། ཞིན་ཧྭ་གསར་འགྱུར་དྲ་བ་དང་ཞིན་ཧྭ་གསར་འགྱུར་ཁང་གི་གཙོ་རྒྱུན་འཕྲིན་སྦྱོར་དྲ་བ་ཆེ་གྲས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བརྒྱུད་བཀོད་བྱས་པ་དང་། སི་ཁྲོན་ཉིན་རེའི་ཚགས་པར་དང་སི་ཁྲོན་ལྟ་ཞིབ་སོགས་ཞིང་ཆེན་རིམ་པའི་གཙོ་རྒྱུན་འཕྲིན་སྟེགས་སོགས་ཀྱང་རྗེས་སུ་འབྲངས་ཏེ་གནས་ཚུལ་བཀོད་ཅིང་། ཁམས་པའི་གཏོང་སྦྱོར་དང་དཀར་མཛེས་སུ་སྤྱོད་པ་སོགས་ཁུལ་རིམ་པའི་འཕྲིན་སྦྱོར་ཁག་ནས་ཤུགས་མཉམ་བརྒྱབ་བྱས་ཏེ། སྡེ་རོང་ཁམ་བུ་མེ་ཏོག་གི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་སོགས་ཕྱོགས་ཡོངས་ནས་མངོན་པ་དང་། ཉི་མ་ལུང་པའི་ཁམ་བུ་མེ་ཏོག་ཅེས་པའི་མཚན་སྙན་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
