国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པས་རྒྱུན་ལས་གྲོས་ཚོགས་ ཐེངས83པ་འཚོགས།

སྤྱི་ཟླ3པའི་ཚེས19ཉིན། ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པས་རྒྱུན་ལས་ཚོགས་འདུ་ཐེངས83པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་བརྒྱུད་སྦྱངས་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་སྙིང་དོན་སྒྲོག་སྦྱོང་ལག་ལེན་བསྟར་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་རང་འགུལ་ངང་སྦྲེལ་མཐུད་དོན་ལ་འཁྱོལ་ཏེ། སྲིད་ཇུས་ཀྱི་ཕན་འབྲས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་ཧུར་ཐག་བསྒྱུར་དགོས། ལས་བཀུར་ཆེད་ལས་དང་། སྒྲུབ་ཟེར་ཕྱིན་སྒྲུབ་པ་དང་། བསྒྲུབ་ན་ཡག་པོ་སྒྲུབ་པ་བཅས་ཀྱི་དངོས་གཉེར་སྤྱོད་ཚུལ་ལ་བརྟེན་ནས་གཙོ་གནད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་འཐོབ་པར་བསྐུལ་དགོས།

ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པས་རྨང་གཞི་ཞིབ་འཇུག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྩ་བའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། དགོས་མཁོ་ལ་བལྟ་དགོས་པ་སྟེ། དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཁུལ་རིམ་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས། གཙོ་གནད་ཚོད་ལྟ་ཁང་། ལག་རྩལ་སྤོ་སྒྱུར་སྒྲིག་གཞི་སོགས་གསོ་སྐྱོང་གང་མགྱོགས་བྱས་ནས་རྨང་གཞི་ཞིབ་འཇུག་ལས་གཞི་གལ་ཆེན་སྤེལ་བར་བསྔགས་སྐུལ་བྱ་དགོས། ཞབས་ཞུ་ལེགས་པོ་བྱ་དགོས་པ་སྟེ། ཚན་ཞིབ་མི་སྣ་དང་གསར་སྐྲུན་ཚོགས་པ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གུ་ཡངས་དང་རང་དབང་གི་ཚན་ཞིབ་ཁོར་ཡུག་བསྐྲུན་དགོས། མཉམ་ལས་བྱེད་ཤུགས་ཆེ་རུ་གཏང་དགོས་པ་སྟེ། ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་དང་མཉམ་དུ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་བསྐུལ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)