སྤྱི་ཟླ3པའི་ཚེས21ནས22ཉིན་གྱི་སྔ་དྲོ་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཕུར་བུ་དོན་གྲུབ་དཀར་མཛེས་ཁུལ་དུ་བརྟག་ཞིབ་ལ་ཕེབས་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་ལ་འཁྱོལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དང་ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁག་དམ་འཛིན་བྱས་ཏེ་ཡུན་རིང་བདེར་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏང་ཆེད་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུང་གནང་།
ཕུར་བུ་དོན་གྲུབ་སྔ་རྗེས་སུ་ཉག་རོང་རྫོང་ཡེ་ཤེས་དགོན་དང་། ཞི་བ་དགོན་དོ་དམ་ཨུ་ལྷན། ཞི་བ་དགོན། ཁྱད་ཆོས་ཞིང་ལས་ཐོན་རྫས་འགྲེམ་ཚོང་ལྟེ་གནས་སོགས་སུ་དགོན་སྡེའི་དགེ་འདུན་པ་དང་ཆོས་དད་མང་ཚོགས། གཞི་རིམ་ལས་བྱེད་པ་བཅས་དང་སྤེལ་རེས་ཞིབ་རྒྱས་གནང་ནས་དགོན་སྡེའི་རྒྱལ་གཅེས་ཆོས་གཅེས་ལོ་རྒྱུས་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། དེ་བཞིན་ཐོན་ལས་ཀྱིས་མང་ཚོགས་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།
ཕུར་བུ་དོན་གྲུབ་ཀྱིས་གསུངས་དོན། རྒྱ་ཆེ་བའི་གྲྭ་པ་དང་ཆོས་དད་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཁ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དེ་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གཅིག་གྱུར་འཆར་འགོད་ནང་བཅུག་པ་དང“སྒོ་འགྲམ”གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་གཏོད་རྒྱུར་རམ་འདེགས་བྱས་ཏེ་མང་ཚོགས་ལས་ཞུགས་བརྟན་པོར་ཡོང་བ་དང་འབབ་འཕར་ཕྱུག་འབྱོར་ཡོང་བར་སྐུལ་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ངལ་རྩོལ་དང་གྲུབ་འབྲས་མཉམ་སྤྱོད། ཐུན་མོང་ཕྱུག་འབྱོར་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་རྒྱུ་དེ་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཏང་ཨུ་སྲིད་གཞུང་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་སྟེ། སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་གསར་པར་བརྟེན་ནས་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་ཏེ་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས།།
( ལྷ་འཛོམས་ཀྱིས་བསྒྱུར།)
