国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མྱུར་སྒྲུབ་ལ་བརྩི་མཐོང་བྱས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲོག་དགོས།

མྱུར་སྒྲུབ་ནི་གོ་སྐབས་འཕྲོག་པའི་མགྱོགས་ཚད་ལ་ཟེར་ཞིང་། ལས་ཆོད་ཆེ་བའི་གནད་དམ་པ་ཡིན། བྱ་བ་གང་ཞིག་བསྒྲུབ་ཀྱང་རུས་སྦལ་དལ་འགྲོས་ལྟར་མིན་པ་མགྱོགས་པ་ལྕག་གིས་བསྣུན་པ་བཞིན་འཕྲལ་དུ་བསྒྲུབ་ན་གཞི་ནས་འགྲུབ་རེ་ཡོད་ལ། མདོ་མེད་ངང་རིང་དང་ཨང་མེད་ལན་མེད་ངང་བསྡད་ན་བསམ་དོན་ལམ་དུ་ལྷོང་དཀའ། ད་ལྟ་རང་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་དུས་རིམ་འགངས་ཆེན་དུ་སླེབས་ཤིང་། རྩ་གདན་དང་རྨང་གཞི། དར་རྒྱས་བཅས་ཞན་ལ་འཕེལ་རྒྱས་དོ་སྙོམས་མིན་པའི་དངོས་ཡོད་གནས་ཚུལ་སྔར་བཞིན་མཆིས་མོད། འོན་ཀྱང་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་ཧ་ཅང་བཟང་། དཀར་མཛེས་ཁུལ་དཀའ་ཉེན་འགྲན་སློང་ཁག་ལས་ཨ་རྒྱལ་ཡང་རྒྱལ་བྱུང་ནས་འབྱུང་འགྱུར་ལ་འབྲས་བཟང་སྨིན་དགོས་ན་མྱུར་སྒྲུབ་ལ་བརྩི་མཐོང་མི་བྱེད་ཀ་མེད་ཡིན།

མྱུར་སྒྲུབ་ལ་བརྩི་མཐོང་བྱེད་པར་དལ་མི་རུང་བའི་ཉེན་ཁའི་འདུ་ཤེས་དང་སྒུག་མི་ཐུབ་པའི་དགོས་གཏུག་འདུ་ཤེས། སྡོད་མི་བཟོད་པའི་འགན་འཁྲིའི་འདུ་ཤེས་ཡོད་དགོས། ཧེ་བག་དང་མི་འདང་བ་ཤེས་ཚེ་གནོན་ཤུགས་དང་དམིགས་འབེན་ཡོད་པས། བཀའ་ཐོས་འཕྲལ་སྒྲུབ་དང་སྐར་ཆ་བརྩོན་ལེན་བྱས་ནས་འཚུབ་རྒྱུ་དང་འགུལ་རྒྱུ། བརྒྱུག་རྒྱུ་ཡོད་པ་དང་། འཕྲོག་པའི་འདུ་ཤེས་དང་བརྩོན་པའི་སྙིང་སྟོབས། འགྲན་པའི་ངར་ཤུགས་བཅངས་ཤིང་། མྱུར་ཚད་ཀྱིས་འཕེལ་རྒྱས་ཧེ་བག་བསྟུངས་ཏེ། དཀར་མཛེས་ཁུལ་ས་ཁོངས་འགྲན་རྩོད་ཁྲོད་དུ་གོ་སྐབས་སྔོན་ཐོབ་དང་རང་དབང་རང་ཡོད་ཡོང་བ་བྱ་དགོས། གོ་སྐབས་ལག་དངུལ་དུ་དབབ་དཀའ་ཞིང་། སྲིད་ཇུས་ཀྱི་ཁེ་སྨར་དོན་མེད་འབབ་མི་སྲིད་པས། ངེས་པར་དུ་ཡང་རྩེ་བརྩོན་ལེན་གྱི་འདུ་ཤེས་དྲག་པོས་སྲིད་ཇུས་དང་གོ་སྐབས་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་བ་དང་། དེ་རིང་ཇི་ལྟར་ཕྱིས་ཀྱང་སྔ་བ་དང་། སང་ཉིན་ཇི་ལྟར་སྔ་ཡང་ཕྱིས་པའི་དུས་ཆོད་འདུ་ཤེས་འཆང་ཞིང་། བཤད་ཕྱིན་བརྩི་དགོས་ལ། ཐག་བཅད་རྗེས་སྒྲུབ་པ་དང་། བསྒྲུབ་ན་ཡག་པོ་སྒྲུབ་པའི་སྤྱོད་ཚུལ་རྒྱུན་འཁྱོངས་ཏེ་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དེ་མ་ཐག་བྱ་སྤྱོད་ཞིབ་ཕྲར་བསྒྱུར་དགོས། འཕེལ་རྒྱས་དང་ལས་འགན་གྱིས་མི་མི་སྒུག་པས། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་དོན་ཆེན་བཞི་ཕྲག་ཏུ་ཁུར་ཞིང་ལག་ཏུ་བཟུང་སྟེ་དོན་ལ་འཁྱོལ་བ་དང་། མྱུར་སྒྲུབ་ཤེས་ཀྱང་གང་མོས་མི་སྒྲུབ་ཅིང་། ཚད་གཞི་དང་སྤུས་ཀ། ཞིབ་ཆ་བཅས་ཀྱི་འགག་དམ་པོར་བསྲུངས་ཏེ། དཀར་མཛེས་ཁུལ་རྗེས་སྙེག་མཆོང་བརྒལ་གྱི་ཁྲོད་དུ་མྱུར་སྒྲུབ་ཀྱི་ངར་ཤུགས་སྐྱོང་ཐུབ་ལ་ཁ་ཕྱོགས་མི་ནོར་བ་བྱ་དགོས།

ང་ཚོས་དུས་ཚོད་ཀྱིས་མི་སྒུག་པའི་དགོས་གཏུག་འདུ་ཤེས་འཆང་ཞིང་། འགོ་འཛུགས་མ་ཐག་མཇུག་འགྲན་དང་གོམ་ཁ་སྤོ་མ་ཐག་རྟིང་རྒྱུག་ཡིན་པའི་ཧུར་སྐྱོད་ཉམས་འགྱུར་ཐོག་ནས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོན་དུ་མི་གཏང་བར་གོ་སྐབས་མྱུར་དུ་འཕྲོག་པ་དང་། བྱ་གཞག་ཁག་ཁག་གོང་འཕེལ་ཡོང་བའི་བརྒྱུད་རིམ་ཧྲིལ་པོར་མྱུར་སྒྲུབ་སྙིང་སྟོབས་ཀྱིས་ཁྱབ་པར་བྱས་ཏེ་དུས་རབས་ཀྱི་མངགས་བཅོལ་དང་མི་དམངས་ཀྱི་རེ་སྒུག་ལ་ངོ་གནོང་མི་དགོས་པའི་ལེའུ་གསར་པ་ཧུར་ཐག་གིས་བྲི་དགོས་སོ།། ( སྐལ་ཐུབ་ཀྱིས་བྲིས།)