国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་གནང་རིང་དཀར་མཛེས་ཁུལ་དུ་ཡུལ་སྐོར་ལ་ཡོང་ན་ལྟ་སྐྱོང་སྲིད་ཇུས་མང་པོ་ཡོད།

རང་ཁུལ་ལྗོངས་ཁུལ་ཁག་གིས་དམངས་ཕན་སྲིད་ཇུས་མང་པོ་བཏོན།

སི་ཁྲོན་ཞིང་ཆེན་གྱི་ས་ཆ་མང་པོར་དཔྱིད་གནང་བཀོད་སྒྲིག་བྱས་པ་དང་བསྟུན་ནས་རང་ཁུལ་གྱི་ལྗོངས་ཁུལ་ཁག་གིས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ་དམངས་ཕན་གྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་ཞིང་། གཙོ་བོ་སློབ་མ་དང་དགེ་རྒན། ཡུལ་སྐོར་བ་རྒྱ་ཆེན་བཅས་ལ་ཁ་གཏད་ཡོད། ཉེ་ཆར་གསར་འགོད་པས་རང་ཁུལ་ལྗོངས་ཁུལ་གཙོ་བོ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཆར་ཉེར་ཡོད་པའི་དཔྱིད་གནང་བསུ་ཆེད། ལྗོངས་ཁུལ་མང་པོ་ཞིག་གིས་སྒོ་འཛིན་རྩ་ཆག་གཏོང་བ་དང་། ཆེད་དམིགས་ལྟ་སྐྱོང་། དེ་བཞིན་ཁྱད་ལྡན་རོལ་མྱོང་བྱེད་སྒོ་སོགས་བཏོན་ནས་ཡུལ་སྐོར་བར་དཔྱིད་དཔལ་རབ་ཏུ་བཞད་པའི་མཐོ་སྒང་མཛེས་ལྗོངས་ཁྲོད་དངོས་ཕན་དང་སྟབས་བདེ་ལོངས་སུ་སྤྱད་ཐུབ་པར་བྱས་ཡོད།

རང་ཁུལ་གྱི་ཡུལ་སྐོར་མིང་བྱང་གི་གྲས་ཤིག་ཡིན་པའི་དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཁྱབ་རྒྱ་ཆེ་བ་དང་ཡིད་དབང་འགུག་ཤུགས་ཆེ་བའི་ལྟ་སྐྱོང་སྲིད་ཇུས་བཏོན་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ4པའི་ཚེས1ནས6ཉིན་བར་དཔྱིད་གནང་རིང་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་དེ་བཞིན་དགེ་རྒན་གྱིས་ཐོབ་ཐང་ལག་ཁྱེར་དང་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ལྗོངས་ཁུལ་དུ་ཡོང་ན་སྒོ་འཛིན་གྱི་རིན་པ་སྤྲད་མི་དགོས་ཤིང་། མི་རེས་སྒོར5ཡི་ཉེན་སྐྱོབ་ཉོས་ནས་ལྗོངས་ཁུལ་དུ་བསྐོར་ཆོག། ལྗོངས་ཁུལ་དེས་སྤྱི་ཟླ3པའི་ཚེས1ནས་སྤྱི་ཟླ12པའི་ཚེས31ཉིན་བར་སྒོར90ཡི་སྒོ་འཛིན་ཉོ་མཁན་ཡུལ་སྐོར་བ་ཡིན་ཕྱིན་རང་འགུལ་ངང་ཚོགས་མིར་རིམ་པ་སྤར་ཏེ་རང་ཉིད་ཚེ་གང་བོར་སྒོ་འཛིན་མི་དགོས་པར་ལྗོངས་ཁུལ་དུ་སྐྱོད་ཆོག་པའི་ཁེ་དབང་ལོངས་སུ་སྤྱོད་ཆོག་པའི་སྲིད་ཇུས་བཏོན་པ་རེད།

དུང་དཀར་ལུང་པའི་ལྗོངས་ཁུལ་ཕུད། རང་ཁུལ་གྱི་ལྗོངས་ཁུལ་མང་པོས་ཀྱང་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དམངས་ཕན་བྱེད་ཐབས་བཏོན་ཡོད། སྡེ་དགེ་པར་ཁང་གིས་གཞོན་ནུ་ལོ་ཆུང་དང་དགེ་རྒན་ཚོགས་པར་དམིགས་ཏེ་ལོ18མན་ལ་སྒོར་འཛིན་མི་དགོས་པ་དང་སློབ་ཆེན་སློབ་མ་དང་དགེ་རྒན་ལ་རིན་གོང་ཕྱེད་ཀ་སྤྲོད་པའི་ལྟ་སྐྱོང་སྲིད་ཇུས་ལག་ལེན་བསྟར་ནས་གཞོན་ནུ་ཚོགས་པ་དེ་བས་མང་བ་རིག་གནས་ཀྱི་བང་མཛོད་དེར་བསྐྱོད་རྒྱུའི་ལྕག་སྐུལ་བྱས། དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་དུ་རིན་མེད་ལྟ་སྐོར་དང་རླངས་འཁོར་ཡང་རིན་མེད་འཇོག་ཆོག་པ་དང་། འགྲེལ་བཤད་ཞབས་ཞུ་བྱེད་མཁན་ཡོད་པས་ཡུལ་སྐོར་བར་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་མྱོང་ཚོར་ཐུབ་པ་བྱུང་ཡོད། ཉག་རོང་རྫོང་ཟངས་མདོག་དཔལ་རི་ལྗོངས་ཁུལ་གྱིས་དམག་མིར་སྒོ་འཛིན་མི་དགོས་པའི་སྲིད་ཇུས་བཏོན་ནས་དམག་མིའི་ཁྱིམ་ཚང་ལ་གུས་བཀུར་ཞུས་པ་རེད། ལྕགས་ཟམ་ལྗོངས་ཁུལ་གྱིས་ཀྱང་སྒོ་འཛིན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་ནས་ཡུལ་སྐོར་བ་རྣམས་ལོ་རྒྱུས་ཀྱི་དཔང་པོར་བྱེད་པའི་དཔའ་བོའི་ཟམ་པ་དེར་བག་ཕེབས་ངང་སྐྱོད་ཐུབ་པ་བྱུང་ཡོད།

ད་ཐེངས་ཀྱི་དཔྱིད་གནང་རིང་ལྗོངས་ཁུལ་ཁག་གི་བྱེད་ཐབས་རབ་དང་རིམ་བཏོན་པ་དེ་དམིགས་བསལ་ཚོགས་པར་ལྟ་སྐྱོང་ཞིག་ཡིན་པ་མ་ཟད། རང་ཁུལ་གྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་ཡོང་མཁན་ཡོད་པའི་ཡུལ་སྐོར་བྱ་ཡུལ་གཏོད་པའི་གནད་ཐུག་ས་གལ་ཆེན་ཞིག་དེ་བས་རེད།ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་རང་ཁུལ་གྱིས་དུས་ཚིགས་ཚང་མ་ལ་གཙོ་དོན་ཡོད་པ་དང་། ཟླ་བ་རེར་བྱེད་སྒོ་ཡོད་པ། དུས་དང་རྣམ་པ་ཀུན་ཏུ་མྱོང་རོལ་ཆོག་པ། ལོ་ཧྲིལ་པོར་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤྱིའི་འཆར་འགོད་བྱས་ནས་ཡུལ་སྐོར་བར་བསུ་མ་ཞུ་རྒྱུ་ཡིན་པ་རེད།། ( ཀུན་དགས་བསྒྱུར།)