༡
ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་ཟླ་བ་རེ་ལ་ཉིན་སུམ་ཅུ་ཡོད། ཉིན་རེ་ལ་དུས་ཚོད་ཉེར་བཞི་དང་དུས་ཚོད་བདུན་བརྒྱད་ཅིག་གཉིད་ནས་ངལ་གསོ་བའི་དུས་ཚོད་ཡིན། གཉིད་ལ་རོལ་བ་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཕྱིར། འདི་ལ་མ་བརྟེན་པར་མི་རྣམས་འཚོ་གནས་མི་ཐུབ་པ་ལྟ་བུར་གྱུར་ཡོད། གཉིད་དང་ཟས་དང་གོས་གསུམ་ནི་འཚོ་བའི་གྲུབ་ཆ་གཙོ་བོ་ཡིན་ཕྱིར་ངས་ཀྱང་གཉིད་ལ་རོལ་བའི་དུས་སུ་ལྷིང་འཇགས་ཀྱི་གནས་མལ་ཞིག་ནས་ཁུ་སིམ་སིམ་ངང་ནས་གཉིད་ཀྱི་བདེ་བ་རོལ་བ་ཡིན། གང་ལྟར་དུས་ཚོད་བདུན་བརྒྱད་ཅིག་གི་འཕྲོས་ནས་དེ་མིན་དུས་ཚོད་ལྷག་མ་དེ་དག། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལྟར་གནས་གང་ཞིག་ཏུ་བྱ་བ་བྱེད་དགོས། བྱ་བ་གཉེར་བ་བྱ་བ་སྒྲུབ་པ་སོགས་བྱེད་དགོས། དུས་ཚོད་དེ་དག་སྣང་མེད་དུ་འཕངས་ནས་བག་མེད་ལེ་ལོས་དུས་འདའ་བར་བྱེད་ཆོག་ཅིང་། དེ་དག་ལ་མདོ་མེད་ཅེས་པའི་ཐ་སྙད་དེ་བཏགས་པ་རེད། རང་གི་བྱ་བའི་ལས་ལ་འབད་བརྩོན་མི་བྱེད་པར་སྒྱིད་ལུག་དང་ལེ་ལོ་ཡི་དུས་འདའ་བའི་རིགས་ནི་མི་ཡི་ཐ་མ་ཡི་གྲལ་དུ་འཇོག་པར་བྱེད། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་བསྒྲུབས་ཀྱང་འབད་བརྩོན་དང་རྒྱུན་སྐྱོང་ནི་མཐར་ཐུག་རྒྱལ་ཁ་ལ་རག་ལས་པས། དུས་ཚོད་བཀོད་སྒྲིག་ཡག་པོ་བྱས་ཏེ་བྱ་བའི་ལས་ལ་བློ་སེམས་གཅིག་སྒྲིལ་བྱས་ན་རྒྱུ་འབྲས་ལ་སླུ་བ་མེད་པས་མཐར་ཐུག་འབྲས་བུ་བཟང་པོ་ཞིག་ཐོབ་པར་གདོན་མི་ཟ། དེ་བས་ངས་རང་གི་ན་གཞོན་དུས་ཀྱི་ཕུགས་འདུན་སེམས་ལ་དམ་པོར་བཅངས་ནས་ཉི་མ་རེ་རེ་ཡི་དུས་ཚོད་ནི་སྟོང་ཟད་མ་སོང་བའི་ངང་ནས་སྤྲོ་སྣང་དང་བཅས་པའི་ངང་ནས་འཇུག་བཞིན་ཡོད།
༢
ངས་རང་རང་གི་རིན་ཐང་ཆེ་བའི་དུས་ཚོད་དེ་དག་ཕལ་ཆེར་མོས་ཕྱོགས་སུ་གཏོང་གིན་ཡོད། དུས་ཚོད་ཟེར་དུས་མང་ཆེ་བས་རིན་ཐང་ཆེ་བའི་གསེར་གྱིས་ཀྱང་ཁུགས་མི་ནུས་པས་ཧ་ཅང་རིན་ཐང་ཆེ་བའི་ཚད་དུ་བཞག་པ་དང་། དེ་ནི་དངོས་གནས་བདེན་པའི་གཏམ་ཞིག་སྟེ། དུས་ཚོད་ལ་རིན་ཐང་ཡོད་ནས་ཁུགས་ན་སྟོབས་འབྱོར་ཆེ་བའི་ཕྱུག་བདག་དག་གིས་ཀྱང་རང་ཉིད་ལང་ཚོ་དང་དུས་ཚོད་དེ་དག་ཉོ་འགྲོ་ངེས། དེ་ནི་དཔེ་མི་སྲིད་པས་དུས་ཚོད་ཀྱིས་ཡོད་ཚད་ནས་ཡོད་ཚད་ཐག་གཅད་ཡོང་། དུས་ཚོད་སྐར་ཆ་རེ་རེ་ཁྱོད་དང་འབྲེལ་བའི་ཡིག་འབྲུ་དེ་དག་ནི་བདག་གི་རྣམ་ཤེས་ཀྱི་གསེང་ནས་བཞུར་བའི་ཀླད་པའི་ངལ་རྩོལ་ཡིན། ནམ་ཞིག་གི་ཚེ་ང་རང་འཆི་སྲིད་བས་ཕ་རོལ་གྱི་འཇིག་རྟེན་ནི་ང་ལ་མཚོན་ན་དོན་དངོས་ཀྱི་ལྐོག་གྱུར་ཡིན་པས་སུ་ཞིག་གིས་ཀྱང་བཤད་ཐབས་བྲལ། གལ་ཏེ་ང་རང་འཆི་བའི་ཕྱོགས་སུ་གོམ་ཁ་བསྒྱུར་ནས་བུད་སོང་ཚེ། ངའི་ཤུལ་དུ་ལུས་པ་ནི་རང་གི་གསེར་ལས་ལྷག་པའི་དུས་ཚོད་ཕུད་ནས་ཁྱོད་དང་འབྲེལ་བའི་ཡིག་འབྲུ་འགའ་ཞིག་ཡིན། འདི་དག་ནི་བདག་གི་ཁྱོད་ལ་ཕུལ་བའི་སེམས་ནང་བརྩེ་སེམས་ཙམ་ལས་ཅི་ཡང་མིན། གཟུགས་མེད་ཀྱི་ཐག་པ་རིང་པོ་དེས་ཁྱོད་དང་འུ་གཉིས་སྦྲེལ་ནས་འཁྲོལ་དཀའ་བའི་མདུད་པ་ཞིག་གིས་དམ་དུ་བསྡམས། མི་རྣམས་ཀྱི་དེ་ནི་ལས་དབང་རེད་ཅེས་ཁ་གཡར་ས་གཏོང་ཁུལ་བྱེད། དེ་ནི་ངས་ཁས་ལེན་ཐུབ་ཀྱིན་མེད། དངོས་ཡོད་དང་མཐུན་ཅིང་དོན་དངོས་དང་མཐུན་ན་དེ་ནི་འཇིག་རྟེན་མི་ཡི་སྣང་ཚུལ་དང་མཐུན་པས་ཚན་རིག་གིས་ཀྱང་བདེན་དཔང་ཡོད་པ་ཁས་ལེན་བྱེད་ཐུབ། དེ་མིན་ལྐོག་གྱུར་གྱི་གནས་ཚུལ་མང་པོ་ཞིག་ལས་དབང་ལ་ཁག་འགེལ་བར་མི་བྱ། མི་མང་པོ་ཞིག་གིས་ལས་དབང་ལ་ཁ་གཡར་ནས་གང་ཡང་འབད་པ་མི་དགོས་པར་སེམས་ཡོད། དེ་ནི་ནོར་འཁྲུལ་ཡིན་པས་ལས་དབང་ལ་བསྒྱུར་བཅོས་གཏོང་ཆོག་པར་རིགས་པའི་གཞུང་ལུགས་ཁག་ཏུ་བཤད་ཡོད།
༣
མོ་རྫོང་མཁར་འདི་དང་བར་ཐག་རིང་པོ་མེད་ཅིང་། རྫོང་མཁར་འདི་རུ་འོང་བའི་དུས་ཚོད་ནི་ཉིན་བརྒྱའི་ནང་གི་ཉིན་གཅིག་ལྟ་བུ་ཡིན། རྫོང་མཁར་དེ་རུ་མི་གྲངས་འབུམ་ལས་ང་དང་ཕལ་ཆེར་འབྲེལ་བ་མེད་པ་ཤ་སྟག་ཡིན། ངས་རྫོང་མཁར་འདིའི་མི་གྲངས་ག་ཚོད་དང་ས་གནས་དེ་ཡི་མིའི་སྤུས་ཚད་སོགས་ཀྱི་ཕྱོགས་ལ་བསམ་གཞིག་ལར་ནས་གཏོང་གིན་མེད། ང་རང་སྡོད་པའི་ཁང་མིག་དེ་དཔེ་མཛོད་ཁང་ཞིག་དང་མཚུངས་པས་དཔེ་ཆ་གང་ཡིན་ཡང་མེད་པ་ཞིག་ཕལ་ཆེར་མེད། མང་ཆེ་བ་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་རྩོམ་རིག་གི་དཔེ་ཆ་ཡིན། ང་རང་ཁུ་སིམ་པོར་སྒྲ་དབྱངས་འཇམ་པོ་རེ་བཏང་ནས། གླེགས་བམ་རེ་རེའི་གསེང་ནས་རང་ལ་དགོས་པའི་གདམས་ངག་འཚོལ་བ་དང་། སྐབས་རེར་ཚོར་བའི་ཀུན་རྟོག་རྒྱ་ཆེར་གཡོས་ནས་མོ་དང་འབྲེལ་བའི་རྨི་ལམ་སྣ་ཚོགས་རྨིས། རྨི་ལམ་གྱི་སྣང་བ་འདི་རང་བཞིན་གྱིས་འགོག་ཐབས་མེད་པས་ངས་རྨི་ལམ་དེ་དག་མ་བཅོས་པར་བཞག་པ་ཡིན། ངོ་མ་དངོས་ནས་ང་རང་རྨི་ལམ་ནང་ནས་མོར་འཕྲད་པ་དང་། འཕྲད་པར་མ་ཟད་ངེད་གཉིས་ཀྱིས་རྫོང་མཁར་འདི་ཡང་བརྒལ་ནས་ས་ཆ་གཞན་དུ་འགྲོ་བ་དང་། ངེད་གཉིས་འགྲོ་ས་དེ་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་རེད། ཚ་གདུག་ཆེ་བའི་གྲོང་ཁྱེར་དེ་རུ་མི་ཚོགས་ནི་བར་སྣང་གི་ཁ་བ་ལྟར་ཤིན་ཏུ་མང་ན་ཡང་། སེམས་ཀྱི་མེ་ཏོག་དང་མཉམ་དུ་འཁྱམ་འཁྱམ་འགྲོ་བའི་བདེ་སྐྱིད་ནི་སྨྲ་བརྗོད་ལས་འདས་པ་ཞིག་རེད། འཚོ་བ་ཞེས་པའི་དོང་ཞབས་མེད་འདི་རུ་དཀའ་སྡུག་གི་འགག་འཕྲང་མང་པོ་ཞིག་གིས་རིམ་བཞིན་བསྒུགས་ཡོད་ཀྱང་དེ་ནི་ཆེས་སྤྱིར་བཏང་གི་བྱ་གཞག་ཅིག་ལ་ངོས་འཛིན་བྱས་ནས་མུ་མཐུད་དེ་བསྐྱོད་དགོས།
༤
འཚོ་བའི་བཙིར་གནོན་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱིས་མི་མང་པོ་ཞིག་རང་ངོ་རང་གིས་མཐོང་མི་ཐུབ་པར་གནས་ཡོད། མང་ཤས་ཤིག་རང་ཉིད་ལ་དབང་བའི་འདུ་ཤེས་དེ་སྤྱི་ཚོགས་ཀྱི་རྫོབ་མཐུག་པོ་དེའི་འདམ་དུ་ལྷུང་ནས་རང་ཉིད་གང་དུ་ཡོད་མེད་དང་ཅི་ཞིག་སྒྲུབ་བཞིན་ཡོད་པའང་ཤེས་ཀྱིན་མེད། འདི་ནི་སྐྱི་གཡའ་བ་དང་དངངས་སྐྲག་སྐྱེ་དགོས་པའི་གནས་ཤིག་མ་ཡིན་ནམ། ངས་རང་སེམས་ཀྱི་དབུས་ན་མེ་ཏོག་ལྟར་མཛེས་པའི་མོ་དང་རང་གི་འབྱུང་འགྱུར་གྱི་ལོ་ཟླ་དེ་དག་རང་ལ་དབང་བར་བྱས་ཏེ། འཚོ་བ་སྟབས་བདེ་ཆོག་ཤེས་ཡོད་པའི་ངང་ནས་འཚོ་འདོད་ཡོད། འཚོ་བའི་མེ་ལོང་གཅིག་གི་ནང་ངེད་གཉིས་ལྷན་དུ་འཛོམས་པ་ནི་ང་རང་ལ་མཚོན་ན་ཤིན་ཏུ་སྐྱིད་པའི་དུས་ཚིགས་ཤིག་ཏུ་ངོས་འཛིན་བྱས་ཡོད། མ་གཞི་འཚོ་བ་ནི་རྙོག་འཛིང་གིས་གྲུབ་པ་ཞིག་ཡིན་མོད་ཐབས་གང་འདྲ་འཐེན་ཀྱང་ལྷུ་རྐང་འགྲིག་པའི་ཐབས་ཤེས་མེད་པ་ལྟ་བུ་ཞིག་རེད། ཡིན་ཡང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་རང་ཉིད་ཀྱི་མདུན་ལྗོངས་ལ་སྔར་ལས་ལྷག་པའི་མཛེས་སྡུག་དང་འོད་སྣང་ཡོད་པ་ཞིག་བྱེད་པ་ལ་ནང་སེམས་ཀྱི་འཛིན་སྟངས་ལ་རག་ལས་ཡོད། ཁྱོད་རང་ཧམ་སེམས་ཀྱི་མེ་ལྕེ་དགུང་ལ་མཆེད་ནས་ཡོད་ཚད་འཐོབ་པར་འདོད་པའི་འཁྲུལ་སྣང་བཙན་པོ་དེའི་དབང་དུ་སོང་ཆེ་ན་ཁྱོད་རང་དུས་ནམ་ཡང་བདེ་སྐྱིད་ཀྱི་འོད་སྣང་ལར་ནས་རྙེད་དུ་མེད།
༥
མོའི་སེམས་ཀྱི་བརྩེ་བ་དང་བདག་གི་འཁྲུལ་སྣང་གཉིས་ཡུག་གཅིག་བསྲེས་ནས་རྒྱང་རིང་དུ་བསྐུར། རྒྱང་རིང་གི་རི་ཚོགས་སྨུག་པས་བསྒྲིབས་ནས་མཐའ་མི་མངོན་པའི་དུས་སུ། དྲན་པའི་སྒོ་གླེགས་རྡུང་བའི་མི་དེ་དང་ཆ་འདྲ་ཞིག་གིས་བདག་ལ་འཛུམ་དམུལ་དམུལ་བྱས་ཏེ་བུད་སོང་། དེ་ནི་རང་ཉིད་འཆི་བའི་ཕྱོགས་སུ་གོམ་ཁ་བསྒྱུར་ཀྱང་ནམ་ཡང་བརྗེད་མི་ཐུབ་པའི་དོན་དག་ཅིག་ཅི་ལ་མིན། མཐའ་མི་མངོན་པའི་འཇིག་རྟེན་འདི་ནས་ཁེར་ཧྲེང་དུ་ལུས་པའི་མོ་ནམ་ཡང་ང་ལ་བློ་དཀར་སེམས་དཀར་ཡིན་པས་སུ་ཞིག་གིས་མོའི་ཚབ་བྱེད་མི་ཐུབ་པ་གསལ་པོར་རྟོགས་ཡོད། མོའི་སེམས་ཀྱི་བརྩེ་བ་ནི་མཐའ་མི་དཔོགས་ཤིང་མངོན་ཤེས་ཅན་གྱི་མི་ཞིག་ཡིན་ན་ཏན་ཏན་མཁྱེན་སྲིད། གང་ལྟར་ཀྱང་མོས་ཨུ་ཚུགས་ཆེན་པོའི་ངང་ནས་འདི་ལྟར་བསམ། འཁོར་བའི་རྒྱ་མཚོ་ཆེན་པོ་འདིའི་ཕར་ངོགས་བགྲོད་དགོས་ན་ཁེར་རྐྱང་གི་ལམ་བུ་འདི་བརྒྱུད་ནས་སོང་ན་མ་གཏོགས་ཐབས་མེད་སྙམ་ནས། ཨུ་ཚུགས་མཐའ་འཁྱོལ་བྱས་ཏེ་ཁེར་རྐྱང་གི་ལམ་ཁ་འདི་བདམ་གསེས་བྱས་པ་རེད་འདུག ། དེ་ནི་མོའི་ཁས་ལེན་ཡང་ཡིན་ལ་དམ་བཅའ་ཞིག་ཀྱང་ཡིན། དམ་བཅའ་བརྟན་པོ་འདི་རི་རབ་ཅིག་དང་མཚུངས་པས་སུས་ཀྱང་གཡོ་འགུལ་གཏོང་བར་མི་ནུས།
༦
ཉེ་ཆར་ངས་མོ་དང་འབྲེལ་བའི་རྨི་ལམ་སྣ་ཚོགས་རྨིས། སྐབས་རེར་སྐྱིད་པ་དང་སྐབས་རེར་སྡུག་པའི་འཁྲུལ་སྣང་གི་ར་བ་འདི་ལས་ང་རང་ཇི་ལྟར་བྱས་ཀྱང་ཐར་ཐབས་མི་འདུག། བདག་གི་དོ་ཞག་གི་སེམས་ཁམས་འདི་རྨི་ལམ་ཞིག་དང་དངོས་གནས་མཚུངས། ངས་རྨི་ལམ་ནང་གི་ལམ་འགྲོ་ཞེས་པའི་སྒྲུང་ཞིག་བྲིས་ཡོད། སྒྲུང་འདི་ལས་རང་ཉིད་དང་འདྲ་བའི་མི་ཞིག་གི་སྐྱིད་མ་སྡུག་གི་ལས་དབང་དེ་ཞིབ་བརྗོད་བྱས་ཡོད། འཚོ་བ་ནི་རང་གིས་འདོད་པ་བཞིན་འགྲུབ་པ་ཞིག་ལར་ནས་མ་ཡིན་པར་སྐབས་རེར་གང་འདྲ་འབད་ཀྱང་དེ་འདྲ་ལྡོག་ཕྱོགས་སུ་བུད་འགྲོ་ཞིང་། གང་ལྟར་ཀྱང་ཚེ་སྲོག་གི་དབུགས་རྒྱུན་མ་ཆད་པར་དུ་དེ་སྲིད་དུ་ཁྱོད་དང་འབྲེལ་བའི་རྨི་ལམ་སྣ་ཚོགས་རྨི་སྲིད་ཅིང་། དེ་ནི་ང་རང་འཇིག་རྟེན་འདི་རུ་འཁྲུལ་སྣང་གི་བསླུས་ཏེ་གསོན་པའི་སྙིང་པོ་ཞིག་ཏུ་སེམས་ནས་ཡོད་པ་དེ་ཡིན།།
༼ རི་སྤྱང་། ༽
