国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཁོར་བའི་ལྷ་མོ།

གཞིས་འཁོར་བའི་ནང་གི་ལྷ་མོ།།

ཐུགས་ཟླ་སྒོར་ང་ལ་ཕྱོགས་ཏེ།།

ལོ་ཟླ་བའི་དགུ་ཚིགས་བར་ནས།།

སྙིང་དམར་པོ་ངལ་བཞིན་མེད་དམ།།

ཞལ་མེ་ཏོག་རླུང་ཁར་འཛེད་རིང་།།

རྐང་བ་མོ་ལྷམ་ཆུང་གྱོན་ནས།།

མགོར་སྐར་རྒྱན་ཞྭ་མོ་བྱས་ཏེ།།

དྲིན་མ་ལོ་དཀའ་བཞིན་མེད་དམ།།

དབྱར་ཆར་ཆུའི་སྨུག་ལོང་ཁྲོད་ནས།།

དགུན་ཙག་ངར་བུ་ཡུག་ཁྲོད་ནས།།

སེམས་བྲེལ་བྲེལ་འཚུབ་འཚུབ་ངང་ནས།།

ལོ་ཟླ་བ་སྐྱེལ་བཞིན་མེད་དམ།།

ལུས་ལྷུ་ཚིགས་ཚ་ཤིང་གཟེར་ལ།།

སྐྲ་ནག་པོར་སྐར་མདའ་ལྷུང་བཞིན།།

མིག་ཁྲ་ཆུང་རྒྱང་དུ་ཅེར་ནས།།

ནམ་ཉིན་མཚན་འདུར་བཞིན་མེད་དམ།།

རི་སྡེ་བའི་མིག་ལ་བསྟུན་ཞོར།།

གཉེན་ཉེ་བས་སེམས་ཁ་བསྲུངས་ཏེ།།

མ་རང་ཉིད་གཟབ་ནན་ངང་ནས།།

ཚེ་རིང་ཐུང་འཚེར་བཞིན་མེད་དམ།།

ཟས་ཟ་བཏུང་ཞིམ་ཚད་མངར་ཚད།།

ཟ་མི་བྲ་རུམ་དུ་བཅུག་ནས།།

བུའི་ཁ་ངོ་ཡིད་ལ་བསྒོམས་ཏེ།།

དེར་ཨེ་འཕྲོད་རེ་བཞིན་མེད་དམ།།

སྦྲ་ནག་པོའི་ཆོན་ཕུར་ཟུར་ནས།།

གོས་ཕུ་ཐུང་རྒྱབ་ཏུ་མདུད་དེ།།

འབྲི་མཛོ་མོའི་ལྷས་རའི་ནང་ནས།།

དཀར་འོ་མ་གསོག་བཞིན་མེད་དམ།།

དྲིན་ཨ་མ་བརྩེ་དུང་ཅན་མ།།

སེམས་ཕྱི་ནང་བར་གྱི་དྲོད་ཐིག།

སྲོག་དམར་པོ་འབེན་ལ་བཞག་ནས།།

བུའི་ཆེད་དུ་སྐྱོ་བཞིན་མེད་དམ།།

ལག་མཛུབ་མོའི་སེན་ཀ་རྫོགས་ཤིང་།

ཞལ་པདྨར་གས་སྲུབ་ཤོར་བཞིན།།

རི་ལ་ལུང་ཐང་གསུམ་ཉུལ་ཏེ།།

སྐུ་འོ་བརྒྱལ་ཆེ་བཞིན་མེད་དམ།།

སེམས་དགའ་སྐྱོ་མོད་པའི་བུད་མེད།།

རིགས་དམན་པའི་གྲས་སུ་བགྲང་མོད།།

ཐབ་སྒྱེད་པུའི་འགྲམ་དུ་མེད་ཚེ།།

གཞིས་འཁོར་བའི་བདེ་སྐྱིད་ཡལ་འགྲོ།།

༼ འོད་འཛིན་མ། ༽