国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབུ་སྐྲ་དཀར་བའི་ ཨ་མྱེ།

ངའི་ཨ་མྱེ་ཚེ་ཡི་སྲུང་མ་སྟེ། །

སྦྲ་ནག་པོའི་ཕུག་མའི་ནོར་བུ་ཡིན། །

ཆུང་དར་ལ་བབས་པའི་ལོ་ཟླའི་ནང་། །

འདང་བརྩེ་བའི་རི་མོ་མ་ཡལ་བར། །

ཁྱིམ་ཚེ་རོགས་ཞེ་ནས་གཅེས་རབས་གདའ། །

སྐྱིད་མི་རྟག་འཁོར་བའི་ནགས་ཀླུང་ནས། །

བུ་བུ་མོ་སེམས་ཀྱིས་བསྙོར་ནས་གདའ། །

ཞེ་སྣང་བའི་མདུད་པ་མ་ལྷོད་པར། །

ན་མཉམ་པའི་གྲོགས་དང་མཐུན་རབས་གདའ། །

ལས་བྲེལ་དལ་གང་ལ་ཐུག་ཀྱང་རུང་། །

ཕོ་གཞོན་པའི་སྣང་བ་དགུང་ལ་བཏེག །

ཡང་ཐང་ཆེན་ཐང་ཆུང་བརྒྱུད་དུས་སུ། །

རྟ་རྒོད་པོའི་གོང་གི་ཁྱུང་ཆེན་ཏེ། །

རྩལ་སྣ་དགུ་འཛོམས་པའི་སྟག་ཤར་ལགས། །

སྤྱིར་འཁོར་བའི་སྒྱུ་མ་མ་མཐོང་བར། །

ལམ་ཡག་བཙོག་གཉིས་ཀའི་འདྲེས་མདོ་ནས། །

རྒྱུ་ནོམ་པ་རྩ་ཆེན་མ་བསགས་ཀྱང་། །

རྟེན་ལྷ་སྐུ་རྩ་ཆེན་མ་བཞེངས་རུང་། །

སྟོང་སྡེ་བའི་རྗེས་སུ་ལྷག་རབས་མེད། །

ཡིད་ཆེས་དང་མི་ཆེས་མ་གསུང་རོགས། །

ངས་བཤད་བཤད་ཚིག་གི་མཐའ་མ་ལ། །

གཏམ་མཐོ་རྒྱག་ཡིན་མིན་ཉི་ཟླར་གསལ། །

ངའི་ཨ་མྱེ་མི་ལ་གཉིས་པ་སྟེ། །

ཚེ་སྟོད་སྨད་གཉིས་ཀ་གླེང་རིན་ཡོད། །

ཆུང་ཚེ་སྟོད་འཁོར་བའི་ཐང་ཆེན་ནས། །

སྡུག་ལ་དགུ་ལུང་དགུ་སེམས་པས་བརྒལ། །

ལས་དཀའ་ངལ་མང་པོར་གདོང་གཏད་དེ། །

མཁར་དགུ་ཐོག་འདྲ་ཞིག་བརྩིགས་རབས་ཡོད། །

ལག་སོར་མོར་སེར་ཀ་གས་རབས་ཡོད། །

ཅི་བཤད་ཀྱང་རང་ཚུགས་ཀ་བ་བཞིན། །

གཏམ་ཡག་བཙོག་གཉིས་ཀའི་འདུས་མདོ་ནས། །

ལས་བཟང་ངན་གཉིས་ཀ་བསྒྲུབས་བསྒྲུབས་ནས། །

ཚེ་ཉི་མའི་ཕྱེད་ཀ་བསྐྱལ་རབས་འདུག །

ཡང་ཚེ་སྨད་ལེགས་པའི་ལམ་ལ་བསླབས། །

སེམས་ཞི་བར་གནས་པའི་བཤེས་གཉེན་འཕྲད། །

ཆོས་རྫོགས་པ་ཆེན་པོ་ཉམས་སུ་བླངས། །

ལས་དགེ་སྡིག་བླང་དོར་ཤེས་སམ་ཅི། །

ཡིད་དད་པའི་ནམ་མཁའ་དྭངས་ཤིང་ཡངས། །

ལར་སྔོན་བསགས་སྡིག་པར་སྐྲག་གམ་ཅི། །

ལུས་དཀའ་སྤྱད་སྡུག་རུས་མེ་ལྟར་སྦར། །

གཞི་འཁོར་བའི་སྙིང་པོ་རྟོགས་སམ་ཅི། །

སྔགས་བཟླས་པའི་གྲངས་ཀ་དཔག་མེད་ལགས། །

འདི་བདེན་ནམ་ཨ་སྔོན་གནམ་གྱིས་མཁྱེན། །

འདི་རྫུན་ནམ་དོག་མོ་ས་ལ་གསལ། །

༼ དཔལ་ལྡན་རྒྱ་མཚོ། ༽