ལྷད་མེད་གངས་རིའི་སུལ་གྱི་ཕ་མཐའ་ནས། །
མ་འདྲིས་རྒྱང་ལ་གནས་པའི་ཡིད་གཅུགས་ཁྱོད། །
ཆར་ཟིམ་རྗེས་ཀྱི་འཇའ་ཚོན་རྒྱུ་དང་ལྷན། །
བདག་གི་འཇིག་རྟེན་གྲོང་ལ་མཛེས་སྡུག་སྤུད། །
འདི་ན་འཆར་ཡན་མེ་ཏོག་འཐུ་བའི་གཞོན། །
རིན་ཆེན་གཡེར་དྲིལ་སིལ་སིལ་སྒྲ་གྲག་པའི། །
མ་སྲིང་མཚོ་བྱུང་ལྷ་ཡི་ཞབས་དྲུང་དུ། །
དགའ་སྐྱོའི་ལས་དབང་ཚིག་གི་འཕྲེད་ལ་ཤོམ། །
ཀྱག་ཀྱོག་རི་ལམ་བརྒལ་ཏེ་སྤྲོ་སྣང་གིས། །
ཁེངས་པའི་འབྲོག་གི་མི་བུ་བསོད་ནམས་ཅན། །
ལས་ཀྱི་རླུང་རྟ་དགུང་གི་ཆུ་འཛིན་འོག །
ཁྱོད་ནི་སྙིང་སྤོབས་ཅན་གྱི་གསར་བུ་ཞིག །
དཀར་གསལ་ཟླ་བ་འཛུམ་པའི་ཐང་སྐྱ་རུ། །
ལྷིང་འཇགས་མལ་དུ་གཉིད་ལ་ཡུར་བའི་མི། །
ངག་རིག་སྙན་པའི་པི་ཝང་དུས་ཀུན་ཏུ། །
སྒྲོག་པའི་དབྱངས་ལྡན་མཁན་པོའི་ཁྱོད་ལ་སྲུངས། །
ངས་ནི་ཆུ་འཛིན་ལང་ལོང་གཡོ་བའི་སར། །
ཁྲ་ཆུང་མིག་གཉིས་ཅེར་བཞིན་ཁྱོད་ལ་སྒུག །
སྐབས་སུ་གསུང་སྙན་ཁུ་བྱུག་གྲག་དང་ལྷན། །
ཁྱོད་རང་ཕེབས་པའི་ཉམས་ལ་རྒྱང་ལྟ་བྱེད། །
ཀུན་རྟོག་དབྱངས་ཀྱི་མེ་ཏོག་ཇི་བཞིན་དུ། །
འཛུམ་པའི་ཐང་ནས་སྣང་སེམས་ཁ་ལོ་བསྒྱུར། །
ཡིན་ཡང་འཁོར་འདས་བར་གྱི་སྐྱོ་གདུང་དག །
ནམ་ཞིག་འཇའ་ཚོན་བཞིན་དུ་མཁའ་རུ་འཐིམ། །
༼ ཁམས་ཟླ་སྲས། ༽
