ཉེ་ཆར་ལྕགས་ཟམ་རྫོང་ཁུག་རྟ་ལུང་པའི་གྲོང་རྡལ་ཤིན་ལུང་མོན་ཙེ་གྲོང་ཚོའི་གྲོང་མི་ཅང་ཁོ་རུང་གིས“ཉེན་འགོག་འགན་ལེན་སྤྱི་གཉེར་ཁང་གིས་ང་ཚོར་ཉེན་འགོག་འགན་ལེན་སྐྱིན་ཚབ་སྒོར་གསུམ་ཁྲི་དྲུག་སྟོང་ལྷག་འཇལ་བྱུང་། དུས་ཐོག་ཏུ་དཀའ་ངལ་བསལ་ནས་འཚོ་བ་འགན་ལེན་ཐུབ་ཡོད”ཅེས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ཀྱིས་རང་མོས་ངང་འགན་བཅོལ་ཞུགས་པའི་དམངས་འཚོའི་འགན་ལེན་འགན་བཅོལ་དེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་བྱུང་གནོད་འཚེ་དང་བསམ་ཡུལ་ལས་འདས་པའི་ཉེན་ཁར་ཁ་གཏད་གཅོག་པའི“སེམས་བདེའི་རིལ་བུ”ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། མང་ཚོགས་ཀྱིས“དུས་ཐོག་ཆར་པ”ཞེས་བརྗོད་པའི་འགན་ལེན་དེ་ནི་དཀར་མཛེས་ཁུལ་གྱིས་གསར་གཏོད་ལག་བསྟར་བྱས་པའི“དམངས་འཚོ་འགན་ལེན”གྱི་ལས་གཞི་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སྒང་གི་ས་ཆར་རང་བྱུང་གནོད་འཚེ་ཐོན་མང་བ་དང་མང་ཚོགས་ཀྱི་ཉེན་ཁ་འགོག་པའི་ནུས་པ་ཞན་པ་སོགས་ཀྱི་དོན་དངོས་ལ་དམིགས་ནས། 2022ལོ་ནས་བཟུང་རང་ཁུལ་གྱིས“དམངས་འཚོ་འགན་ལེན”གྱི་ལས་དོན་རྒྱུན་མཐུད་ངང་སྤེལ་ནས“སྲིད་གཞུང་གིས་ཆེ་ཤོས་གཏོང་བ་དང་མི་སྒེར་གྱིས་ཆུང་ཤོས་གཏོང་བའི”འགན་བཅོལ་གྲོན་དངུལ་ཁ་གསབ་ལམ་སྲོལ་བཙུགས་པ་རེད། ལག་བསྟར་ཇུས་གཞི་གསར་ཤོས་ལ་གཞིགས་ན། ཁུལ་ཡོངས་ཀྱི་གྲོང་ཡུལ་གྱི་གྲོང་མིས་དུད་ཚང་ཚན་པར་བྱས་ནས་འགན་བཅོལ་ནང་ཞུགས་པ་དང་དུད་ཚང་རེས་ལོ་རེར་འགན་བཅོལ165སྤྲོད་པ་ལས་གྲོང་ཡུལ་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དབུལ་ཕོངས། དབུལ་སྒྲོལ་དུད་ཚང་། ལྟ་ཞིབ་ཚད་ལེན་དུད་ཚང་བཅས་ཀྱིས་བརྒྱ་ཆ10ལས་སྤྲོད་མི་དགོས་པ་དང་།ཁུལ་དང་རྫོང(གྲོང་ཁྱེར)གི་ནོར་སྲིད་ཀྱིས་བརྒྱ་ཆ90ཁ་གསབ་སྤྲོད་རོགས་བྱེད་པ། ཞིང་སྡེའི་ཡུལ་མི་གཞན་དག་གིས་བརྒྱ་ཆ20འཇལ་དགོས་པ་དང་། གྲོང་རྡལ་ཡུལ་མིས་བརྒྱ་ཆ40འཇལ་དགོས། ལྷག་མ་ཁག་ཅིག་ལ་ཁུལ་དང་རྫོང(གྲོང་ཁྱེར)ནོར་སྲིད་ཀྱིས་རིམ་པ་དབྱེ་ནས་འགན་འཁུར་བ་རེད། ཕྱི་ནས་ཡོང་བའི་ལས་མི་དང་། ཚོང་གཉེར་བྱེད་མཁན། ཁེ་ལས་གཉེར་མཁན་བཅས་ཀྱིས་ཀྱང་གྲོན་དངུལ་ཆ་ཚང་འཇལ་ནས་འགན་བཅོལ་ནང་ཞུགས་ཆོག།
སྐྱིན་ཚབ་འཇལ་ཚུལ་ལ་བལྟས་ན། 2022ལོ་ནས2023ལོའི་བར་དུད་ཚང521ལ་སྒོར་ཁྲི1022.95སྐྱིན་ཚབ་འཇལ་ཡོད་པ་དང་། 2024ལོར་དུད་ཚང1504ལ་སྒོར་ཁྲི2395སྐྱིན་ཚབ་འཇལ་བ། 2025ལོར་དུད་ཚང1449ལ་སྒོར་ཁྲི2138སྐྱིན་ཚབ་འཇལ་བ་དང་། འདི་ལོའི་ཟླ་བ་གཉིས་ཁོ་ནར་དུད་ཚང223ལ་སྒོར་ཁྲི379སྐྱིན་ཚབ་འཇལ་བ་རེད། ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་སྐྱིན་ཚབ་འཇལ་བའི་དངུལ་གྲངས་བརྟན་འཕར་ལས་འགན་བཅོལ་འདི་མང་ཚོགས་ཀྱིས་དང་ལེན་བྱེད་བཞིན་པ་དང་།འགག་རྩའི་དུས་སུ་སྤྱོད་སྒོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་གསལ་བཤད་བྱས་ཡོད།།
( ལྷ་འཛོམས་ཀྱིས་བསྒྱུར།)
