ཁམ་བུའི་མེ་ཏོག་བཞད། ལྷ་ཡུལ་བཞིན་དུ་མཛེས། སྤྱི་ཟླ3པའི་ཚེས26ཉིན། “གནས་མཆོག་དཀར་མཛེས་སུ། མཉམ་འཛོམས་དུས་ཆད་ཡོད”ཅེས་པའི2026ལོའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཉི་མའི་ལུང་པ་སྡེ་རོང་རྫོང་གི་ཞིང་ལས་རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་ལས་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་འགོ་བཙུགས།
མེ་ཏོག་ལ་བརྟེན་ནས་ཡུལ་སྐོར་ལ་བསྐུལ།
སྤྱི་ཟླ3ཚེས25ཉིན།ཡུལ་ཤོག་དང་གྲོང་རྡལ་བཅུའི་གདོད་མའི་སྐྱེ་ཁམས་སྐོར་བྲོ་འགྲན་བསྡུར་ཆེན་མོ་དངསློབ་གྲྭ་ཆུང་འབྲིང་གི་སྒྱུ་རྩལ་དུས་ཆེན་གྱི་ལོ་ཆུང་བྱིས་པའི་ཆེད་དོན་འཁྲབ་སྟོན་རྫོང་མཁར་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཐང་ཆེན་དུ་སྤེལ་འགོ་བཙུགས། ས་གནས་དེ་གའི་རིག་གནས་ཡུལ་སྐོར་འོས་སྦྱོར་མི་གྲགས་ཀྱིས་ཡུལ་དངོས་སུ་ངོ་སྤྲོད་བྱས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་འཚོལ་ཞིབ་དང་། རི་ཆུར་ལྟ་སྐོར། ཞིང་སྡེའི་སྤྲོ་གསེང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བཅས་ལྟེ་བའི་རིག་གནས་ཡུལ་སྐོར་ལམ་ཐིག་བཞི་དངོས་སུ་བསྒྲགས་ཏེ་རྒྱ་ཆེའི་ཡུལ་སྐོར་བ་གང་མང་སྡེ་རོང་དུ་ཕེབས་པར་དགའ་བསུ་ཞུས་པ་རེད།
སྤྱི་ཟླ3པའི་ཚེས26ཉིན། “དཔྱིད་ཀྱི་དཔལ་མོ་ཉི་མའི་ལུང་པར་སླེབས། ཁམ་བུའི་མེ་ཏོག་ཁྲ་ཆུང་མིག་ལ་མཛེས། གསོལ་ཆང་ཞིམ་པོ་མགྲོན་པོ་རྣམ་ལ་དྲངས”ཀྱི་གཙོ་དོན་བྱས་པའི“གནས་མཆོག་དཀར་མཛེས་སུ། མཉམ་འཛོམས་དུས་ཆད་ཡོད”2026ལོའི་ཉི་མའི་ལུང་པ་སྡེ་རོང་རྫོང་གི་ཞིང་ལས་རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་ལས་འཛད་སྤྱོད་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་སྤུན་གསུམ་གྲོང་རྡལ་རི་གདོང་གྲོང་སྡེར་སྤེལ་བ་རེད། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་དང་སྨྱན་སྦྱོར་གསར་འགོད་པ། ས་གནས་དེ་གའི་མང་ཚོགས་བཅས“ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མའི་ལུང་པར”མཉམ་འཛོམས་བྱུང་སྟེ་ཁམ་བུ་མེ་ཏོག་བཞད་པའི་སྐབས་དང་བསྟུན་ཏེ་སྐྱེ་ཁམས་ཀྱི་མཛེས་སྡུག་དང་། རིག་གནས་ཀྱི་བབ་ཆགས། དཔལ་འབྱོར་གྱི་གསོན་ཤུགས་བཅས་མཉམ་འདྲེས་བྱས་པའི་དཔྱིད་ཀའི་གསོལ་སྟོན་ལ་མཉམ་དུ་རོལ།
སྤྱི་ཟླ3པའི་ཚེས10ནས་ཚེས27ཉིན་བར། དྲྭ་རྒྱའི་མི་གྲགས་འདེམས་སྒྲུག་འགྲན་བསྡུར་ཆེན་མོ་སྤུན་གསུམ་གྲོང་རྡལ་དུ་འཚོགས། སྤྱི་ཟླ3པའི་ཚེས25ནས27ཉིན་བར། སྡེ་རོང་ཁམ་བུའི་མེ་ཏོག་དུས་ཚིགས་ཀྱི་ཞིམ་ཟས་ཐང་ཆེན་ཡན་ལག་ཚོགས་ར་བོད་ཀྱི་བྲོ་བ་འགྲེམས་ཚོང་དང་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་ཞིམ་ཟས་ཐང་ཆེན་དུ་སྤེལ་ཏེ། “དྲྭ་ཕྱིར་འགྲེམ་ཚོང་དང་དྲྭ་ཐོག་ཐད་གཏོང”རྣམ་པའི་ཐོག་ནས་རྒུན་ཆང་དང་སྣེའུ་འབྲུ། སྦྲང་རྩི་སོགས་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་གཅིག་སྡུད་སྒོས་འགྲེམ་ཚོང་བྱས་པ་རེད།
སྤྱི་ཟླ3པའི་ཚེས27ཉིན། “བདེ་སྐྱིད་གནས་མཆོག་འཚོལ། སླེ་གྲུག་ལུས་རྩལ་སྦྱོང”ཞེས་པའི་སྡེ་རོང་རྫོང་གི2026ལོའི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་བུམ་པའི་གྲོང་སྡེའི་སླེ་གྲུག་འགྲན་བསྡུར་ཆེན་མོ་དང་སྐབས་བཞི་པའི་མི་རིགས་མཐུན་སྒྲིལ་བུམ་པའི་སླེ་གྲུག་འགྲན་བསྡུར། སྡེ་རོང་རྫོང་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་དཀར་མཛེས་ཁུལ་སྐབས་བདུན་པའི་སློབ་གྲྭ་འབྲིང་ཆུང་སློབ་མའི་ལུས་རྩལ་འགྲན་ཚོགས་འདེམས་སྒྲུག་འགྲན་བསྡུར་བཅས་འགོ་བཙུགས་ཡོད། 2026ལོའི་ཉི་མའི་ལུང་པ་སྡེ་རོང་རྫོང་གི་ཞིང་ལས་རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་ལས་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་དང་བྱ་དགའ་སྤྲོད་པའི་དགོང་ཚོགས། ཁམ་བུའི་མེ་ཏོག་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བཅས་བདེ་ལེགས་ངང་མཇུག་འགྲིལ་བ་རེད།
ཡུལ་སྐོར་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་།
ད་ལོ་ནས་བཟུང་། སྡེ་རོང་རྫོང་གིས“དགུན་ཁར་གངས་འཁྱགས་རྩེད་པ་དང་། དཔྱིད་ཀར་མེ་ཏོག་ལ་ལྟ་བ། དབྱར་ཁར་བསིལ་རླུང་ལ་རོལ་བ། སྟོན་ཁར་སེར་ལྗོངས་ལ་ལྟ་བ”བཅས་ཀྱི་ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་བཀོད་སྒྲིག་ལ་གཞི་ཚུགས་ནས་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཐུན་སྦྱོར་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་བྱས་སྟེ། དཔྱིད་ཀའི་ཁམ་བུའི་མེ་ཏོག་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དང་། ལུས་རྩལ། དམངས་སྲོལ། གཟུགས་མེད་རིག་གནས་ཤུལ་བཞག་སོགས་སྣ་མང་གཞི་རྟེན་བརྒྱུད་ནས“རིག་གནས་ཡུལ་སྐོར་དང་སྐྱེ་ཁམས།ཐོན་ལས”བཅས་མཉམ་འདྲེས་བྱེད་དེ་ཡུལ་སྡེ་དར་རྒྱས་ཀྱི་ཐོན་ལས་ལམ་བུ་གསར་པ་འཚོལ་ཞིབ་བྱེད། “དུས་ཚིགས་རེར་འགྲན་བསྡུར་ཡོད་པ་དང་། ཟླ་རེར་བྱེད་སྒོ་ཡོད་པ། རྒྱུན་དུ་ཉམས་ལེན་ཡོད་པ། ལོ་ཧྲིལ་པོར་ཁྱད་ཆོས་ལྡན་པའི”ངོ་མཚར་གྱི་རྣམ་པར་འབད་ནས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་བཞིན་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ཆད། སྡེ་རོང་རྫོང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཁྲི375.76ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར41.39ལ་ཟིན་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
