དངོས་སྒྲུབ་ནི་ཁ་བཤད་ཙམ་མ་ཡིན་པར་བྱ་སྤྱོད་དངོས་ནས་ལག་ལེན་བསྟར་བ་ལ་ཟེར་ཞིང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཡིན། ཟས་བཤད་ཁོ་ནས་ཕོ་བ་མི་རྒྱགས་ལ་སྟོང་བཤད་ཀྱིས་དོན་མི་འགྲུབ། བབ་བསྟུན་འཕྲལ་སྒྲུབ་ཀྱི་གནད་ནི་དངོས་སྒྲུབ་ཡིན་ལ། རྗེས་སྙེག་མཆོང་བརྒལ་གྱི་འགག་ནི་སྒྲུབ་ཕོད་པ་དེ་ཡིན། རང་ཁུལ་དུ་ཕྱི་ཚུལ་ཙམ་ལས་དངོས་སུ་མི་སྒྲུབ་པ་དང་བསྒྲུབས་ཤུལ་ཡོད་པ་ཙམ་ལས་ཕན་འབྲས་མི་གཉེར་བ། ཁ་བཤད་འབྲུག་སྒྲ་ཆེ་ལ་ལག་ལེན་ཆར་ཐིགས་ཉུང་བའི་གནད་དོན་སྔར་བཞིན་ཡོད་པར་བརྟེན། སྙིང་སྟོབས་དགུ་འགྱུར་དང་བརྩོན་པ་བརྒྱ་འགྱུར་གྱི་དངོས་སྒྲུབ་སྤྱོད་ཚུལ་བཙན་པོས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རྨང་གཞི་བརྟན་པོར་གདིང་དགོས།
དངོས་སྒྲུབ་ལ་ཧུར་བརྩོན་བྱེད་པར་དད་པའི་ལུས་ལ་སྒྲུབ་ཕོད་པའི་བླ་ཞུགས་དགོས་ཤིང་། ཚུལ་འཆོས་ལྟར་སྣང་དང་ཁེ་གྲགས་འདོད་པའི་དུག་སྡོང་གཅད་དགོས་ལ། དམངས་ཀྱི་ཆེད་དུ་སྲིད་འགན་ལག་རྗེས་འཇོག་པའི་དར་ཆ་མཐོན་པོ་ཡང་བསྒྲེང་དགོས།
ཁོར་ཡུག་དང་ཆ་རྐྱེན་ཞན་ཡང་དད་སེམས་བརྟན་ན་ཚུགས་ཐུབ་ཅིང་སྤྱོད་ཚུལ་བཙན་ན་དཀའ་ངལ་ལས་རྒྱལ་ཐུབ། སྔོན་ཐོན་དཔེར་མཚོན་དུ་བཟུང་སྟེ་དམ་པ་དོན་གཉེར་དང་དངོས་ཐོག་བདེན་འཚོལ་གྱིས་གཞི་རིམ་དུ་འགལ་བ་དང་འགྲན་སློང་ལ་གདོང་གཏད་དེ་སྲིད་ཇུས་དང་བྱེད་ཐབས་ཁག་ལག་ལེན་གསེར་ཐིགས་སུ་བསྟར་ནས་བྱས་རྗེས་བསྐལ་བརྒྱར་བརྟན་པ་གཞག་དགོས། གྲི་ཁ་རང་ལ་ཕྱོགས་ཏེ་སྐྱག་འགོ་ས་བཀབ་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་ཏེ། ཚོགས་འདུ་དང་ཡིག་ཆ། རྗེས་ཤུལ། དན་གྲངས་བཅས་ཀྱི་འདམ་རྫབ་ལས་རིང་དུ་བྲལ་ཞིང་། དུས་ཚོད་མང་ཤོས་གཞི་རིམ་གྱི་ལས་ཡུལ་དངོས་སུ་དམངས་ཀྱི་དཀའ་ཉེན་སེམས་ཁྲལ་དུས་ཐོག་ཏུ་བསལ་བར་སྤྱད་དགོས། དངོས་སྒྲུབ་ཀྱི་དོན་ལ་འབབ་ས་མཐར་ཐུག་པ་ནི་མང་ཚོགས་ཀྱི་འཚོ་བ་སྔར་བས་སྐྱིད་པོར་ཡོང་བ་དེ་ཡིན་པས་མིག་མཐོང་ལག་ཟིན་གྱི་ཡུན་ཕན་ཐོགས་པའི་དམངས་འཚོའི་དོན་དངོས་རྣམས་གཅིག་རྒྱུན་གཅིག་སྐྱོང་གིས་ཐེམ་འགག་ནེམ་འགག་མེད་པར་བསྒྲུབས་ཏེ་དམངས་འཚོར་དྲོད་ཁོལ་འཛོམས་པ་ཡིས་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ་དགོས།
ང་ཚོས་སྔོན་ཐོན་མིག་དཔེར་འཛིན་ཅིང་དངོས་སྒྲུབ་རེ་སྙེག་ཏུ་བརྩིས་ཤིང་། གསོལ་རས་ལེན་དུས་རང་ཉིད་མེད་ཀྱང་བྱ་བ་སྒྲུབ་དུས་རང་ཉིད་ངེས་པར་དུ་ཡོད་པའི་བློ་ཁོག་ཡངས་པོས་ཁ་སྟོང་ཚིག་སྟོང་དུ་མ་ལུས་པར་ཁ་ཐོག་ལག་ཤར་དང་ཐིགས་པ་བྲག་འབིགས་ཀྱིས་དཀར་མཛེས་ཁུལ་གྱི་དོན་ཆེན་གྱི་གཏད་སྒོ་དང་བྱུས་ཆེན་གྱི་བྱ་གཞག་ཁག་ལེགས་པར་བསྒྲུབས་ཏེ། ཀྲུང་གོ་ལུགས་དེང་རབས་ཅན་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབད་པས་བྲི་དགོས་སོ།།
( སྐལ་ཐུབ་ཀྱིས་བྲིས།)
