国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲག་མགོ་ནས་དར་མདོའི་ར་རྔ་ཁ་བར་གྱི་མྱུར་ལམ་གྱི་གནས་ཚུལ་གསར་ཤོས།

སྤྱི་ཟླ3པའི་ཚེས27ཉིན།བྲག་མགོ་ནས་དར་མདོ་ར་རྔ་ཁ་བར་གྱི་མྱུར་ལམ(འོག་ཏུ་བྲག་མདོ་མྱུར་ལམ་ཞེས་བསྡུ་རྒྱུ)གྱི་གནས་ཚུལ་གསར་ཤོས་ཏེ།ལྷ་སྒང་ཕུག་ལམ2པའི་འཛུལ་སྒོའི་སྲ་འདེགས་བརྟན་འགྱུར་གྱི་ཐོག་མའི་ཨར་ལས་ལེགས་འགྲུབ་བྱུང་བ་ལས་ཕུག་ལམ་གྱི་སྤྱི་ཁོག་ལས་གྲྭའི་མཚམས་ཚིགས་གལ་ཆེན་གྱི་འགག་སྒྲོལ་ཐུབ་པ་བྱུང་བ་དང་རྗེས་ཕྱོགས་ཀྱི་ལས་གཞིར་སྐུལ་འདེད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ལྷ་སྒང་ཕུག་ལམ2པའི་གཡོན་ལམ་གྱི་རིང་ཚད་ལ་སྨི4487དང་གཡས་ལམ་གྱི་རིང་ཚད་ལ་སྨི4515ཡོད།ཕུག་ལམ་གནས་སའི་ས་ཁོངས་སུ་མཚོ་འཕགས་མཐོ་བ་དང་སྐྱེ་ཁམས་ཉམས་ཞན་པ།ཆུ་སྲུང་བླང་བྱ་ནན་པ།ས་གཤིས་གྲུབ་ཚུལ་རྙོག་འཛིང་ཆེ་བ།ས་ཡོམ་གཏོར་ཚད་མཐོ་བ་བཅས་ཀྱི་དཀའ་ཚད་ཆེན་པོར་འཕྲད་ཡོད།དཀའ་གནད་ལས་སྒྲོལ་ཆེད་འཛུགས་སྐྲུན་པས“འཕྲུལ་ཆས་ཅན་གྱིས་མིའི་ཚབ་བྱེད་པ་དང་རང་བྱེད་ཅན་གྱིས་མི་ཉུང་དུ་གཏོང་བ”ལ་བརྟེན་ནས་ཨར་ལས་ཀྱི་ཉེན་མེད་ཆུ་ཚད་མཐོ་རུ་གཏོང་བའི་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་སྦྲགས། ལག་རྩལ་ཇུས་གཞིར་བརྩི་སྲུང་ནན་པོ་བྱས་ནས་ཐོག་འགན་ལམ་ལུགས་དང་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚོད་འཛིན་དོན་ལ་འཁྱོལ་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་སྲ་འདེགས་བརྟན་འགྱུར་གྱི་ཐོག་མའི་ཨར་ལས་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་གྲུབ་འབྱུང་བའི་འགན་ལེན་བྱས་ཡོད།

བྲག་མདོ་མྱུར་ལམ་གྱི་ལས་གཞི་དེ《སི་ཁྲོན་ཞིང་ཆེན་གྱི་མྱུར་ལམ་དྲ་བའི་བཀོད་སྒྲིག་འཆར་འགོད(2022-2035ལོ)》ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས།ཁྲོན་བོད་ལྷོ་བྱང་ལམ་ཐིག་གི་མྱུར་ལམ་གྱི་སྦྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ཀྱི“བོད་ལྗོངས་དང་མཚོ་སྔོན། ཡུན་ནན་བཅས་འབྲེལ་བའི”ས་ཁོངས་གལ་ཆེན་གྱི་འབྲེལ་གཏུག་ལམ་ཐིག་ཅིག་ཀྱང་ཡིན་པ་རེད། ལས་གཞིའི་ཆ་སྙོམས་མཚོ་འཕགས་སྨི3500ལས་བརྒལ་ཞིང་མཚོ་འཕགས་མཐོ་ཤོས་སྨི3850ལ་ཟིན་པ་དང་། ལས་གཞི་སྤྱིའི་རིང་ཚད་སྤྱི་ལེ186.81ཙམ་ཡོད་པ་རེད།

ཕྱོགས་གཉིས་ཀྱི་འཁོར་ལམ་བཞིའི་ལག་རྩལ་ཚད་གཞི་སྤྱད་དེ་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ80ཇུས་འགོད་བྱས་ཡོད། མྱུར་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་བོད་ལྗོངས་སུ་སྐྱོད་པའི་མགྱོགས་མྱུར་འབྲེལ་གཏུག་མ་ལག་མགྱོགས་མྱུར་བསྐྲུན་ནས་གཞུང་ལམ་དྲ་བའི་འཚུབ་བསྟུན་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་དང་། ཡུལ་སྡེ་དར་རྒྱས་ལ་རོགས་རམ་བྱས་ནས་དཀར་མཛེས་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྒུལ་ནུས་བསྣན་རྒྱུ་ཡིན་པ་རེད།།

( ཡེ་ཤེས་ཀྱིས་བསྒྱུར།)