国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁེར་ རྐྱང་ གི་ སེམས་ འཕྲིན།

སྒེའུ་ཡོལ་གྱི་ཕག་ནས་གསལ་ལ་མི་གསལ་བའི་ངང་གྲག་པའི་བྱེའུ་ཆུང་དེས། དཔྱིད་དཔལ་བུ་མོའི་མགོ་ལྕོག་ལྡེམ་པ་ལ་སྒུག་ཡུན་རིང་སོང་བ་འདྲ། སྨུག་པས་དྲྭ་ཕྱེད་འཐེན་པའི་རི་བོའི་ཞོལ་དུ། རི་དྭགས་ཞོགས་འཕྲོ་ལས་དྲན་གདུང་གི་རྨི་ལམ་འཚོ་བའི་ན་ཆུང་མ་ཞིག་གི་ལས་དབང་བསྡུས་གཟུགས་སུ་ཕབ་ཅིང་ངས་ཀྱང་དུས་ཀྱི་འོབས་སུ་བྱིང་བའི་ལང་ཚོའི་ཆང་ཕོར་ཡར་ལ་བཀྱགས་ཏེ་ཚ་གྲང་གི་རབ་ཁར་ལྕེབས། དེ་ལྟ་ནའང་། གླིང་བུ་འཇགས་འཕྲོ་ལས་སད་པའི་ཁེར་རྐྱང་གི་རྣམ་ཤེས་ལྡོམ་པོས་ན་སོན་གྱི་ལོ་ཟླ་མེ་རུ་སྒྲོན་ཞིང་འཁྲེང་སེམས་ཀྱིས་སྐྲ་ལོ་ཡང་ཡང་གསེད།སྣང་སྲིད་མེ་ལོང་ལས་རྙེད་པའི་གླེགས་བམ་མཐུག་པོ་དག་ལས། ངས་རྒྱང་རིང་དུ་བཀྲམ་པའི་ཁྲ་ཚོམ་མེ་ཏོག་དང་ལུག་ཁྱུ་གང་ཞིག་ལ་གདམ་ཀ་སྣ་མང་བྱས་བྱས་མཐར་སེམས་པས་རབ་ཏུ་འཚོས་ཀྱང་ཤེས་རབ་ཀྱི་དབུལ་ཞིང་ལུང་རིགས་ཀྱི་རྣོ་སོ་དབེན་སྟབས་གནོང་འགྱོད་མི་ཡོང་བའི་དཀར་རྐྱང་ཞིག་གམ་ཉིང་དགོས་ཤིག་ལ་དེ་དང་འདིའོ་ཞེས་ཐོབ་པའི་ནོམ་པ་ཞིག་ལར་ནས་རྙེད་ཐབས་མ་བྱུང་། དེ་བཞིན་ཕྱི་ནང་དང་ཉན་རང་དབུ་སེམས་དང་ཕྱག་རྫོགས་ཞེས་གཏོས་ཆེ་བའི་ཐ་སྙད་ཁྲི་ཁྲི་འབུམ་འབུམ་བརྩིས་ཀྱང་རང་ཉིད་རྨོངས་པའི་རྒྱ་རུ་ཚུད་དྲགས་པས་ནང་སེམས་པའི་དྲེག་པ་བཀྲུ་ཐབས་དེ་བས་ཀྱང་མ་བྱུང་ངོ་།།

མཚན་མཚོན་དང་བཅད་ལྡོག་དགག་བྱ་དང་འགོག་བྱེད་ཅེས་ཁ་ནས་ལྦུ་བ་རྡོལ་རག་བར་བརྩད་མོད། གཞི་དབྱིངས་ཀྱི་ཟབ་ས་རུ་རེ་དོགས་ཀྱི་འདྲ་འབག་ཕུད་ཐབས་ཁྱོན་ནས་མི་འདུག་གོ།།

ང་རང་རྒྱུན་པར་ལུང་རིགས་ཀྱི་སྒྲོམ་ཆེན་པོའི་གཏེར་སྒམ་དུ་རྟོག་དཔྱོད་ཀྱི་ལག་པས་བསྙབ་སྙིང་འདོད་ནའང་གློར་བུ་བའི་ངེས་འབྱུང་ངམ་སྒྱིད་ལུག་ལྡོམ་པོ་རེས་སླར་ཡང་གོ་མེད་ཚོར་མེད་ཀྱི་ངང་དུ་བག་ལ་ཞ་ནས་འགྲོ། ཆ་བཞག་ན་ཁ་འབྲས་མི་མཚར་བུ་མོ་ཞིག་གི་རང་གིས་རང་ལ་དགོད་ཁ་འཆོར་བའི་སེམས་གསོ་ལྟ་སྣང་བ་རེ་གཏོང་བ་ནང་བཞིན་ངས་ཀྱང་སྔོན་ལས་དང་ཚོགས་བསགས་སོགས་ཆ་རྐྱེན་སྣ་མང་ཞིག་མ་ཚང་བར་བརློམས་ཏེ་སེམས་བདེ་ལ་ཕབ་ཐབས་སུ་བྱས། ཤེས་རིག་གི་སྐྱེད་ཚལ་ཤིན་ཏུ་ཡངས་ཀྱང་བརྩོན་འགྲུས་ཀྱི་ལྕག་གིས་མ་བྲབས་ན་མཛེས་སྡུག་གི་མེ་ཏོག་དང་སྙིང་པོའི་ཟེའུ་འབྲུ་མི་སྨིན་པ་ནང་བཞིན། གཞུང་ལུགས་ཀྱི་ནགས་ཁྲོད་དུ་ཤེས་རབ་དང་རྣམ་དཔྱོད་ཀྱི་གྲོགས་དན་དུ་བརྩོན་འགྲུས་ཀྱིས་རལ་གྲི་མ་ཐོགས་ན་ལག་རྡུམ་བྲག་ལ་འཛེག་པའི་དཔེ་བཞིན་འཐོབ་བྱ་གང་ཡང་མེད་པ་འདི་ཉིད་གནས་ལུགས་ཤིག་ཅིའི་ཕྱིར་མིན། ལོ་ཟླའི་ཆུ་བོ་མྱུར་འགྲོས་དང་བསྡོམས་པའི་འུ་ཅག།དུས་བཞིའི་འགྱུར་ལྡོག་གི་རླུང་ཁར་གཡེང་གཡེངས་པའི་མཐར་ལང་ཚོའི་ཆག་འཇིག་གི་འཕེལ་འགྲིབ་ལས་འདི་ཞེས་ཐོབ་བྱ་ཁྱོར་བ་གང་ཙམ་ཡང་མེད་པའི་རྒྱུ་མཚན་ཡང་བཙལ་ན་འདི་གར་ལས་མ་འདས་སོ།།འོན་ཀྱང་བསྟན་འབྱུང་གི་སྤྱན་རས་མངའ་བའི་དམ་པ་ཚོའི་དམ་ཆོས་བདུད་རྩི་ལ་ལོངས་སུ་སྤྱོད་པའི་བསོད་ནམས་ཀྱི་བགོ་སྐལ་དུ་བྱུང་བ་འདིས་ཁེར་རྐྱང་གི་གདུང་བ་ལ་བཞི་ཤད་བྲིས་ཤིང་བག་ཕེབས་པའི་འཚོ་བའི་ཤོད་དུ་ཞོད་འཇགས་དང་གུ་ཡངས་ཀྱིས་སེམས་པའི་མེ་ཏོག་ཅི་དགར་བཞད་ཆོག་པའང་འདུག་པས་ང་རང་དེ་གས་སེམས་པ་རབ་ཏུ་འཚེངས།བརྩོན་པའི་རྒྱུན་ཐག་ཕྲ་བའི་བདག་ལ་མཚོན་ན། འཆད་རྩོད་ཀྱི་ལྕེ་རྐན་རབ་ཏུ་དོག་མོད་ལུང་རིགས་ཀྱི་ཟིལ་མངར་འཇོ་བའི་དགེ་རྒན་དང་སློབ་གྲོགས་དག་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་སྐལ་བཟང་མཆིས་པ་འདིས་ཀྱང་མི་ཚེའི་ཡང་སྙིང་དང་གཞལ་དུ་མེད་པའི་རིན་ཐང་གི་ལྟ་བའི་ཆ་ཤས་ཤིག་ཡིན་ཞེས་བདག་གིས་དངོས་གནས་སྨྲ་བར་སྤོབས། འོ་ན་ཕ་རོལ་པོས་ཁྱོད་ཀྱི་གདམ་ཀ་འདི་གཞི་ནས་ནོར་འཛོལ་དུ་ཤོར་དྲགས་འདུག་ཅེས་ཁྲེལ་དགོད་དང་གཡེར་མོའི་སྟངས་ཀ་སྣ་མང་ཞིག་འཁྲབ་པའང་སྲིད་མོད། ངས་གོང་བཤད་ལྟར་གདམ་ཀ་ནི་སོ་སོའི་རིན་ཐང་གི་ལྟ་ཚུལ་དང་སོ་སོའི་གདམ་ཀ་རང་ཡིན་པས་མཐའ་གཅིག་ཏུ་ཀུན་པོའི་ཆ་བྱེད་དུ་གྱུར་པ་དང་ཚད་མ་རུ་འགྱུར་མི་སྲིད་ལ་ཚད་མ་རུ་གྱུར་དགོས་པའི་ངེས་པའང་གཏན་ནས་མེད་པས་ཕྲན་གྱི་གདམ་ཀ་འདི་ལ་ཡང་གཞན་གང་ཞིག་གིས་གནོད་དེ་ཅི་ཡང་མི་གནོད་དོ། ། ༼ སྦྲུལ་ཞགས། ༽