国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱིན་རླབས་སྩོལ་བའི་ ཚོར་བྱུང་ལྷ།

མགུར་མ་ཐུང་ཐུང་དབྱངས་ཀྱི་ལམ་དུ་འཁྲོལ།།

ཟབ་ཟབ་ཚིག་གི་འོད་ཆགས་ཞེ་རུ་འཁྲེང་།།

སྣང་བའི་ཁ་ཆད་ཕྱི་ནང་བར་གསུམ་འཐིམ།།

ངག་གི་དཔལ་སྟེར་སྙིང་གི་ཕྱེད་ཀ་ཡིན།།

མུན་པའི་ཁམས་སུ་ཞི་བའི་ལྷ་ཚོགས་གྲུབ།།

སྙན་དབྱངས་ངག་གི་ལས་དབང་སུ་ལ་ཕོག།

རྒྱབ་གཟུགས་ཧྲིལ་པོ་མཛེས་པ་མིན་ན་ཡང་།།

སྐད་ཅིག་ཙམ་དུ་བདག་ལ་སྤྱན་གཡོ་ཞིག།

མདང་ནུབ་རྨི་ལམ་སྒྱུ་འཕྲུལ་ལས་ལ་སྤྲུལ།།

ཚོར་བྱུང་ལྷ་མོ་སུས་ཀྱང་འགྲན་པ་ཟད།།

སྣང་བའི་ཁ་དོག་དཀར་པོ་ཁ་བ་བཞིན།།

རྣམ་ཤེས་འཁྱག་པ་ཁྱེད་དང་འབྲལ་ན་སྐྱོ།།

གླིང་བུ་སྙན་མོ་བརྒྱ་སྟོང་གོ་ཐོས་མོད།།

འོན་ཀྱང་ངག་རིག་དབྱངས་ཀྱི་ལྷ་མོ་དྲན།།

བྱིས་དུས་ངག་རྒྱུན་སྣ་ཚོགས་ཞལ་ནས་ཤོར།།

ལྷིང་འཇགས་ངང་དུ་གཟིགས་དང་ང་ཡི་ལྷ།།

འཚོ་བ་ནང་དུ་ལས་ཀྱི་ཞེ་འདང་ཆགས།།

བྲེལ་ཚུལ་མང་བ་སྲིད་པའི་ན་ཟུག་ཡིན།།

དགུན་གྱི་ཙག་ཁ་བདག་དང་གྱེས་ན་འདོད།།

ཚོར་བྱུང་ལྷ་མོས་དཔལ་གཡང་སྩོལ་ལ་རེ།།

༼ ཁམས་འོད་གསལ། ༽