国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁ་ བ་ དྲན་ པ།

མུན་པ་ཇེ་མཐུག་ནས་ཇེ་མཐུག་རེད། གནམ་གཤིས་ཀྱང་ཇེ་འཁྱག་ནས་ཇེ་འཁྱག་རེད། ཁ་དབུགས་ཀྱང་ཇེ་རྩོག་དང་ཇེ་རྩོག་རེད། སྐབས་རེར་གདོང་ལ་ལྷུང་བའི་ཁ་བའི་འདབ་མ་འདིས། གནམ་གཤིས་བརྟག་དཔྱད་ཁང་གི་སྔོན་བརྡ་དེ་དང་ཤིན་ཏུ་མཚུངས་པར་འདོད།

སུ་ཞིག་གི་སྡུག་ཡུས་ཀྱི་མིག་ཆུ་དང་མཚུངས་པའི། ད་ལོའི་ཁ་བ་དེ་ཡིན་ངེས། ང་ལ་རང་གི་ཕ་ཡུལ་དྲན་པར་བྱས་སོང་། བྱིས་དུས་དྲན་པར་བྱས་སོང་། ཕ་ཡུལ་གྱི་དགུན་ཁ་དང་དགུན་ཁའི་ཉི་ངོགས་ནས་བྲིས་མྱོང་བའི་འདས་སོང་མང་པོ་ཞིག་དྲན་པར་བྱས་སོང་། ད་དུང་ཕ་ཡུལ་ལ་ལོག་པའི་དྲན་གདུང་རིགས་ཤིག་མཛེས་སྡུག་ལྡན་པའི་ཕྱིར་དྲན་བྱས་སོང་།

ང་ནི་དམིགས་ཡུལ་གསལ་ཐག་ཆོད་པ་ཞིག་མེད་པར་ག་ས་གང་དུ་འཁྱམ་ཉུལ་ཡུན་རིང་གི་ལམ་ཁར་རང་སེམས་སུ་འཆར་སྒོ་དང་མྱོང་སྣང་ཟབ་མོ་ཞིག་བྱུང་བ་ནི་དུས་ལ་ངེས་པ་མེད་པའི་ཁ་སང་གི་ཁ་བ་ལྟར་ཡུལ་ལ་ལོག་འདོད་པ་དེ་ཡིན། ཡང་ཅིག་བཤད་ན་ཡུལ་ལ་ལོག་དང་ཁ་བ་དྲན་པ་གཉིས་ཧ་ཅང་མཚུངས། དེ་བས་ཁ་བ་དྲན་དུས་དགའ་བ་ཡོད་ལ་སྐྱོ་གདུང་ཡོད་པར་མ་ཟད། མངོན་གྱུར་དཀའ་བའི་མཛེས་སྡུག་གི་རྨི་ལམ་ཡང་ཡོད། ཁ་བ་མཚན་མོར་མི་ཡུལ་དུ་བབས་ནས་ས་གཞི་དང་ལྷན་དུ་ཉལ་འདུག་པ་འདི་ཞོགས་པའི་ཉི་ཟེར་གྱིས་མཐོང་བ་ལས་སུ་ཞིག་གིས་མཐོང་སྲིད། དེ་ནི་ང་དང་ཁྱོད་ཀྱི་དུས་ཚོད་ཀྱི་ས་ཚིགས་མཐའ་མ་ཞིག་ཀྱང་ཡིན་སྲིད།

ང་རང་བྱིས་པ་ཡིན་དུས་ཕ་ཡུལ་གྱི་ནམ་མཁའ་དེ་དེ་འདྲའི་སྔོ་ཞིང་དྭངས། མཚམས་སྤྲིན་དེ་མཛེས་ཤིང་ལྟ་ན་སྡུག །ང་རང་བྱིས་པ་ཡིན་དུས་ཕ་ཡུལ་གྱི་རི་བོ་དེ་དེ་འདྲའི་མཐོ་ཞིང་རྔམ་བརྗིད་ལྡན། རྩྭ་ཐང་དེ་ཡངས་ཤིང་གཏིང་མཐའ་བྲལ། ང་རང་བྱིས་པ་ཡིན་དུས་ཕ་ཡུལ་གྱི་ཆུ་བོ་དེ་དེ་འདྲའི་དྭངས་ཤིང་གཙང་། མེ་ཏོག་དེ་ཅི་འདྲ་ཡག་ཅིང་མཛེས། ད་ལྟ་འདང་རེ་བརྒྱབ་ན་ངའི་ལྷད་མེད་ཀྱི་བྱིས་དུས་ཡོད་ཚད་ཁ་བའི་ཁྲོད་དུ་རྐང་རྗེས་ཕབ་པ་དང་ཅི་འདྲ་མཚུངས། ཞེ་འགྱོད་དང་འདས་དོན་ཡོད་དོ་ཅོག་རྨེག་མེད་དུ་བཟོ་མཁན་རང་ཉིད་ལས་གཞན་ཞིག་ཡོད་དམ།

ཁ་བ་དྲན་དུས། ངའི་རྣམ་ཤེས་ཚོགས་དྲུག་གཡང་གི་མདའ་མོའི་སྟེང་ལ། ཚེ་སྲོག་དར་ཚོན་ཁྲ་བོ་ཞིག་བཏགས་པ་དྲན་བྱུང་། ངས་དེ་རིང་མི་ཚེའི་གཏེར་མཛོད་ཀྱི་སྒོ་མོ་ཡུན་གྱིས་ཕྱེ་དུས། རང་ཉིད་ཀྱི་འདས་ཟིན་པའི་མི་ཚེ་ལ་ཞུན་བརྡར་ཅི་ལྟར་བྱས་ཚུལ་དང་། དཀའ་སྡུག་གི་བརྒྱུད་རིམ་རིང་མོ་སྔོག་འདོན་གང་འདྲ་བྱས་ཚུལ་ཁ་བ་ལྟར་ལྷད་མེད་པར་དྲན་དགོས་བྱུང་། ད་རུང་མང་པོ་ཞིག་དྲན་བྱུང་་་་་་་་

ཁ་བ་དྲན་དུས་ཕྱོགས་གཞན་ཞིག་ནས་དབྱར་སྟོན་གྱི་སྤྲིན་དང་འབྲུག་སྒྲ། གློ་བུར་གྱི་དྲག་ཆར། དེས་བདས་ཤིང་དེད་པའི་གོམ་འགྲོས་ཀྱག་ཀྱོག་དག་ཀྱང་དྲན་བྱུང་། གངས་འཁྱགས་ཉི་མས་ཞུ་ཤུལ་གྱི་ས་རྩྭ་ཐང་དེ་དྲན་བྱུང་། གངས་ཆུ་གཙང་པོར་བབས་པའི་བཞུར་རྒྱུན་དེ་དྲན་བྱུང་།

ད་རུང་། ཁ་བ་དྲན་དུས། དུས་ཚིགས་ཀྱི་མེ་ལོང་ཞིག་དྲན་བྱུང་། འོད་སྣང་གི་ནམ་མཁའ་ཞིག་དྲན་བྱུང་།

ད་ཁ་དྲན་དུས། ཁ་བའི་ཁ་དོག་འཚེར་བའི་དགེ་སེམས་ཀྱི་རླངས་པ་ཞིག་ཀྱང་ཡུན་གྱིས་འཐུལ་བར་སྨོན་པ་འདེབས་པ་དྲན་བྱུང་།

༼ ཁམས་སྨྱོན་ཧེ་རུ་ཀ། ༽