འཇིག་རྟེན་འཁོར་བར་བདེ་སྐྱིད་མེད་པ་ཤེས་ཀྱང་། །
ཟླ་དགུ་ཞག་བཅུར་ཟུག་གཟེར་ཕྲག་ཏུ་བླངས་ཏེ། །
བུ་ཕྲུག་ཆེད་དུ་དཀའ་ངལ་ཚད་མེད་མྱངས་པའི། །
དྲིན་ཆེན་ཨ་མའི་བཀའ་དྲིན་རི་ལས་ལྕིའོ། །
ཁ་ཚིག་བཟང་པོའི་སློབ་གསོ་བུ་ལ་གནང་ཞིང་། །
འཇམ་མཉེན་ལྭ་བ་དྲོན་པོ་བུ་ལ་བསྐོན་པའི། །
ཟླ་བྲལ་བྱམས་བརྩེའི་བདག་མོ་དྲིན་ཆེན་ཨ་མ། །
གཏན་ནས་གཏན་དུ་བདེ་སྐྱིད་ལྡན་པའི་སྨོན་ལམ། །
ཉོབ་ཉོབ་ཁ་ལུད་སྣབས་ལུད་ཁ་ཡིས་འཇིབ་ཅིང་། །
མི་གཙང་གཅིན་སྐྱག་ཡིན་ཡང་ལག་པས་ཕྱིས་ཏེ། །
ལུས་སེམས་བུ་ཡི་ཆེད་དུ་འཁོར་བར་འཁྱམ་པའི། །
དྲིན་ཆེན་ཨ་མ་ཚེ་ཡི་ནོམ་པ་ཡིན་རེད། །
མཛེས་པའི་གདོང་ལ་མི་འདོད་གཉེར་མས་ཁེངས་ཀྱང་། །
ཆུང་ནས་གཅེས་པའི་སྐྲ་ལོ་དཀར་པོར་གྱུར་རུང་། །
ད་དུང་འཁོར་བའི་འདམ་དུ་འདུར་ཞིང་རྒྱུག་པ། །
ཞིབ་ཏུ་བསམས་ན་སྙིང་ལ་ན་ཟུག་སྐྱེས་བྱུང་། །
དབྱར་དགུན་མེད་པར་ཁ་ཆར་བུ་ཡུག་ཁྲོད་དུ། །
དཀའ་སྡུག་ལ་ལུང་མང་པོ་འཕྲེད་ཀྱིས་བཅད་ཡོད། །
ཡུད་ཙམ་ཞེ་རྩ་བསྡམས་ནས་ཕྱིར་འདང་བརྒྱབ་ན། །
ང་ཡི་ཨ་མ་བཟོད་བསྲན་འདི་འདྲ་ཆེ་ཨང་། །
ཕར་སོང་ལོ་ཟླའི་བར་གྱི་དཀའ་ངལ་དེ་ཡིས། །
ལུས་པོ་ཉིན་བྲེལ་མཚན་བྲེལ་རྒས་པར་གྱུར་ཀྱང་། །
རྩེད་དགོད་ལས་ལ་གཡེང་བའི་བུ་ཕྲུག་དེ་དག །
སེམས་ཀྱི་གཏིང་ན་ཉར་བའི་འཕགས་མ་སྒྲོལ་མ། །
ཕ་ས་གསེར་གྱི་ལུང་པ་ལུས་ཀྱིས་མ་བོར། །
ཕ་སྐད་དབྱར་སྐྱེས་རྔ་གསང་ངག་ནས་མ་བོར། །
ཕ་ཆོས་ཉི་མའི་དཀྱིལ་འཁོར་སེམས་ནས་མ་བོར། །
ང་ཡི་ཨ་མ་བོད་མི་དག་མ་ཡིན་རེད། །
གོང་གི་བླ་མ་དམ་པར་སྙིང་ནས་དད་ཅིང་། །
འོག་གི་སྤྲང་པོ་ཡིན་ཡང་བརྙས་བཅོས་མ་བྱས། །
ཚུལ་མཐུན་རང་ཁ་གསོ་བའི་ལས་ལ་སེམས་ཚེ། །
ང་ཡི་ཨ་མ་བྱམས་བརྩེ་གཉིས་ལྡན་ཡིན་རེད། །
སེམས་ཉིད་ལྷོད་ལ་བབས་ཏེ་འདང་ཞིག་རྒྱག་ཚེ། །
ང་ཡི་བསོད་ནམས་རི་བོའི་གཤིས་དང་མཉམ་འགྲོགས། །
ང་ཡི་དྲིན་ཆེན་ཨ་མ་འཚོ་ཞིང་བཞུགས་པས། །
ཞེན་ཆགས་ལྕི་བའི་རང་ཁྱིམ་དྲོད་ཀྱིས་བསྟིམས་ཡོད། །
རྩ་གསུམ་ལྷ་དང་སྲུང་མས་ཁ་འཛིན་མཛོད་ཅིག །
ཡི་དམ་ཚེ་ལྷ་རྣམ་གསུམ་མགོན་དུ་བཞུགས་ཤིག །
ཡུན་རིང་དྲིན་གྱིས་བསྐྱངས་པའི་དྲིན་ཆེན་ཨ་མ། །
ནད་མེད་སྐྱིད་ཀྱི་དཔལ་ལ་རྟག་ཏུ་རོལ་ཤོག །
༼ དཔལ་ལྡན་རྒྱ་མཚོ། ༽
