ཉེ་ཆར། སེར་ཤུལ་རྫོང་ཨུ་དང་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི2026ལོའི་སེར་ཤུལ་རྫོང་གི་ཞིང་ལས་ཁྱད་ཆོས་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུར་ལྷད་མེད་ནོར་གནག་གི་ཤ་དང་ལུག་ཤ། སེར་ཤུལ་ཤ་སེར། ནས་ནག་སོགས་ཐོན་རྫས་གཙོ་བོ་དང་།དེ་བཞིན་ཨ་མའི་བཟོ་གྲྭ་བུད་མེད་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་ཀྱི་ཐོན་རྫས་རབ་དང་རིམ་པ་འོས་སྦྱོར་བྱས་པ་རེད། དེའི་ནང་གླེང་རིན་ཡོད་པ་ཞིག་ནི་བྱེད་སྒོར་སེར་ཤུལ་རྫོང་གི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཆེད་མཁས་པ་བློ་འདྲི་སའི་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་། དེ་ནི་ས་གནས་དེ་གའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཀྱི་གྲགས་རྟགས་བསྐྲུན་པ་དང་ཐོན་རྫས་ཞིབ་སྤེལ།ཁྲོམ་ར་རྒྱ་ཆེར་གཏོང་བ་སོགས་ཆེད་ལས་རིག་སྟོབས་ཀྱི་འདེགས་སྐྱོར་ཞིག་ཡིན་པ་རེད།
སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་དང་མཚོ་འཕགས་མཐོ་ཤོས་ཀྱི་སྐྱེ་ཁམས་འབྲོག་ལས་རྫོང་ཡིན་པའི་ངོས་ནས་དམིགས་བསལ་གྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གིས་ཞིང་འབྲོག་ཐོན་རྫས་ལ་རྒྱུ་སྤུས་ཀྱི་ལེགས་ཆ་བསྣན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་སེར་ཤུལ་རྫོང་གིས་སྐྱེ་ཁམས་དང་ཐོན་ལས།གྲགས་རྟགས་བཅས་ལ་བརྟེན་ནས་འཕེལ་རྒྱས་ཐབས་ལམ་རྒྱུན་འཁྱོངས་ཏེ། ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་ཁྱད་ཆོས་ཀྱི་ཞིང་འབྲོག་ཐོན་རྫས་གསར་སྤེལ།དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཀྱི་ལེགས་ཆ་དེ་རིམ་བཞིན་འཕེལ་རྒྱས་ཀྱི་འགུལ་ནུས་དུ་བསྒྱུར་བ་རེད། ད་སྔར་རྫོང་ཡོངས་ཀྱིས་ཁྱད་ཆོས་ཞིང་འབྲོག་ཐོན་རྫས་རིགས74གསར་སྤེལ་བྱས་པ་དང་། ཐོན་རྫས་གཉིས་དང་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས18ཐོབ་པར་མ་ཟད། ཁེ་ལས་དང་མཉམ་ལས་ཁང་།འབྲོག་དུད་བཅས་ཟུང་འབྲེལ་གྱི་བྱེད་སྟངས་ལ་བརྟེན་ནས་གྲོང་སྡེ28ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བཏང་སྟེ་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར2800འཕར་ཡོད་པ་རེད།
འོས་སྦྱོར་ཚོགས་འདུར་སེར་ཤུལ་རྫོང་ཁྲོམ་རྫ་འགབ་མ་ཡུལ་ཤོག་ཆུ་མེད་གྲོང་སྡེའི་ཡུལ་མིས་ཐད་གཏོང་བྱེད་དེ་དྲྭ་གྲོགས་ཚོར་བྱེད་སྒོའི་ཡུལ་དངོས་སྟོན་པ་དང་།ང་རང་ནི་ཡུལ་འདི་ནས་འཚར་ལོངས་བྱུང་བ་ཡིན་ལ། ད་རེས་ཏང་ཨུ་དང་སྲིད་གཞུང་།ཕྱོགས་ཁག་གི་རོགས་སྐྱོར་ཆེན་པོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་ལ་རང་མཁོ་རང་འདང་གི་ནུས་པ་བསྩལ་བ་དང་། ཕ་ཡུལ་གྱི་ཁྱད་ཆོས་ཅ་དངོས་རྣམས་གྲོང་ཁྱེར་ཆེན་པོར་བསྐྱལ་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།
སེར་ཤུལ་རྫོང་ཞིང་ལས་མ་འཇོག་སྤྱི་གཉེར་ཁང་གི་འགན་འཁུར་བ་བདེ་སྐྱིད་དབང་མོས་ད་ཐེངས་ཀྱི་འགྲེམ་ཚོང་བྱེད་སྒོར་གཟུགས་མེད་རིག་གནས་ཤུལ་བཞག་དང་ཞིང་ལས་ཁྱད་ཆོས་ཐོན་རྫས་ཁག་ཆེན་པོ་གཉིས་བཀོད་སྒྲིག་བྱས་པ་དང་། ཁེ་ལས་སུམ་ཅུ་ལྷག་གི་ཐོན་རྫས་ཁག་བརྒྱ་ཙམ་ལེགས་འདེམས་བྱས་ཤིང་། ང་ཚོས་མྱོང་རོལ་ཅན་གྱི་འགྲེམ་སྟོན་ལ་བརྟེན་ནས་ཁྲེང་ཏུའུ་ཡི་གྲོང་མི་ཚོར་ཐོན་རྫས་འདི་དག་མཐོང་ཐུབ་པར་མ་ཟད།ཐོན་རྫས་ཀྱི་རིག་གནས་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
