国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྡོག་བྲོ《བཀྲ་ཤིས་ཞབས་བྲོ》པེ་ཅིང་དུ་ཐོག་མར་འཁྲབ།

ཉེ་ཆར། རྡོག་བྲོ《བཀྲ་ཤིས་ཞབས་བྲོ》ཀྲུང་དབྱང་གླུ་གར་ཁང་གི་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས་པ་རེད། རྡོག་བྲོ་དེ་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཏེ་ལྷ་རྩེ་རྫོང་གི་སྲོལ་རྒྱུན་དམངས་ཁྲོད་གླུ་གར་གཙོ་བོ་ཡིན་ལ། མི་རབས་གཉིས་དང་བོད་ལྗོངས་བར་གྱི་བརྩེ་དུང་ཟབ་མོ་བརྗོད་པ་སྟེ། དུས་རབས་གསར་པའི་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་སོ་སྲུང་རོགས་རེས་དང་སྤུན་ཟླའི་བརྩེ་དུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་མཚོན་པ་རེད། སྤྱི་ཟླ3པའི་ཚེས28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ས་ཡར་བཅིངས་འགྲིལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་ལ།བྲོ་གར་ཐོག་མ་དེ་ཉིན་དེར་འཁྲབ་རྒྱུའི་བཀོད་སྒྲིག་བྱས་ཡོད་པས་དམིགས་བསལ་གྱི་དོན་སྙིང་ཡང་ལྡན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 《བཀྲ་ཤིས་ཞབས་བྲོ》དེ་མི་རབས་གཉིས་ལས་བརྒལ་བའི་བརྩེ་དུང་གི་གཏམ་རྒྱུ་གཙོ་དོན་བྱས་ཤིང་། བྲོ་གར་ཧྲིལ་པོར་ཞབས་བྲོ་དང་རོལ་དབྱངས། གར་སྟེགས་མཛེས་རྩལ་སོགས་ཀྱི་ནུས་རྩལ་ལས་མི་རིགས་བར་གྱི་ལྷག་བསམ་ཟོལ་མེད་དང་བརྩེ་དུང་ཟབ་མོ་བརྗོད་པར་མ་ཟད། སྤེལ་རེས་དང་མཉམ་འདྲེས་ལས་རིག་གནས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གཙོ་དོན་ཡང་མངོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བྲོ་གར་དེའི་ཁྱད་ཆོས་ནི་བོད་ཀྱི་རྡོག་བྲོ་དེ་བྲོ་གར་གྱི་རྣམ་པའི་ཐོག་ནས་མངོན་ཞིང་། ལྷ་རྩེ་རྫོང་གི་སྲོལ་རྒྱུན་དམངས་ཁྲོད་གླུ་གར་དབྱངས་འགྲོས་མགྱོགས་པ་དང་ཞབས་བྲོའི་སྟངས་སྟབས་ནུས་ལྡན་ཡིན་ཞིང་། དེ་ནི་བོད་ལྗོངས་ཀྱི་མཚོན་བྱེད་རང་བཞིན་གྱི་དམངས་ཁྲོད་ཞབས་བྲོའི་གྲས་ཤིག་ཡིན། གསར་རྩོམ་ཚོགས་པས་སྒྲིག་སྟངས་གསར་གཏོད་བརྒྱུད་རྡོག་བྲོ་དེ་བྲོ་གར་ཧྲིལ་པོར་ཁྱབ་པས་དོན་བརྗོད་ཀྱི་ཁུངས་སྣེ་རུ་གྱུར་པ་དང་། གནའ་བོའི་མི་རིགས་ཞབས་བྲོས་དེང་རབས་གར་སྟེགས་སུ་བཀྲག་མདངས་འཚེར་བ་རེད། གཞན་ཡང་གར་སྟེགས་ཐོག་གི་མཛེས་རྩལ་དང་རོལ་དབྱངས།གོས་རྒྱན་སོགས་ཀྱི་ཇུས་འགོད་ལས་གངས་ལྗོངས་མཐོ་སྒང་གི་རིག་གནས་ཉམས་འགྱུར་གང་ལེགས་མངོན་པར་མ་ཟད། སྲོལ་རྒྱུན་གྱི་ཉམས་འགྱུར་དང་དེང་རབས་ཀྱི་གར་སྟེགས་ཀྱི་ཁྱད་ཆོས་མངོན་པར་ཐོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ལོ་གསུམ་རིང་ལ་གསར་གཏོད་དང་འཁྲབ་སྟོན་བྱས་པའི་བྲོ་གར་དེ་བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་སོགས་ཀྱིས་མཉམ་དུ་བཏོན་པ་ཡིན་ཞིང་། སྤྱི་ཟླ3པའི་ཚེས28ནས29ཉིན་བར་ཀྲུང་དབྱང་གླུ་གར་ཁང་གི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་རེད། གསར་གཏོད་གཙོ་བོ་ཚོགས་པས་བྲོ་གར་འཆར་གཞི་དེ་རྒྱལ་ནང་གི་ས་ཆ་མང་པོར་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུར་མ་ཟད། རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་པའི་འཚོལ་ཞིབ་བྱས་ཤིང་། རིག་གནས་སྤེལ་རེས་ཀྱིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྔར་བས་བརྒྱུད་སྤེལ་དང་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ཡིན་ཞེས་བཤད་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)