国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མེས་ པོའི་ བཏུང་ བ་ མཆོག། མི་ རིགས་ མཐུན་ སྒྲིལ་ ཇ།།

གཡག་ རྔ་ བོད་ ཇའི་ ངོ་ སྤྲོད་ རགས་ བསྡུས།

གཡག་རྔ་ནི་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་སྟེ། ཤར་ནས་སི་ཁྲོན་ཀླུང་ཐང་དང་འབྲེལ་ཞིང་། ནུབ་ནས་ཁྲོན་བོད་མཐོ་སྒང་དང་འབྲེལ་ཡོད། སི་ཁྲོན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དང་གསར་དར་ཡུལ་སྐོར་གྲོང་ཁྱེར་ཞིག་ཀྱང་ཡིན། གཡག་རྔ་ལ་ཆར་གྲོང་དང་། སི་ཁྲོན་ནུབ་རྒྱུད་ཀྱི་འགག་སྒོ། བོད་ལྗོངས་ཀྱི་ཞུགས་སྒོ། མི་རིགས་ཀྱི་བར་ཁྱམས་ཞེས་པའི་མཚན་སྙན་མང་པོ་ཡོད། གཡག་རྔའི་ཐུན་མོང་མ་ཡིན་པའི་ས་བབ་དང་གནམ་གཤིས་ཁོར་ཡུག་ལེགས་པོ་ལས་ཇ་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཇ་ཤིང་སྐྱེ་འཕེལ་ལ་དམིགས་བསལ་གྱི་ཆ་རྐྱེན་འཛོམས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་རེད།

གཡག་རྔ་ནི་ཀྲུང་གོའི་ལྷོ་རྒྱུད་ཀྱི་གནའ་བོའི་ཇ་འདྲེན་རྡལ་ལམ་གྱི་འགོ་འཛུགས་ས་ཡིན་ཞིང་། རི་བོ་མོང་ཏིང་གི་ཇ་དེ་གནའ་བོའི་ཇ་འདྲེན་བརྡལ་ལམ་ནས་བོད་རིགས་ས་ཁུལ་དུ་འདྲེན་པ་དང་། རྒྱ་བོད་ཆའང་སོགས་མི་རིགས་ཁག་གི་མི་དམངས་བར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་པ་དང་། གཡག་རྔའི་ཇ་དེ་ཐང་རྒྱལ་རབས་ནས་བོད་དུ་དར་འགོ་བཙུགས་ཤིང་། སྔ་ཕྱི་བར་གསུམ་དུ་བོད་རིགས་མི་དམངས་ཀྱིས་ཆེས་དགའ་པོ་བྱེད་པའི་བཏུང་བྱ་གཙོ་བོ་ཞིག་ཏུ་གྱུར་པ་རེད།

གཡག་རྔ་དང་བོད་རིགས་ས་ཁུལ་བར་གྱི་འབྲེལ་བའི་ཐོག་མ་སྟེ་ཅ་དངོས་བརྗེ་རེས་བྱས་པ་ནས་རིམ་བཞིན་གཞི་ཁྱོན་ཆེ་བའི་རྒྱ་ཡུལ་གྱི་ཇ་དང་བོད་ཡུལ་གྱི་ཡུལ་ཐོན་ཁྱད་རྫས་བརྗེ་རེས་དང་། དེ་ནས་རིམ་བཞིན་སི་ཁྲོན་གཡག་རྔ་ནས་བོད་ལྗོངས་ལྷ་སའི་བར་གནའ་བོའི་ཚོང་ལམ་གལ་ཆེན་ཞིག་ཏུ་ཆགས་པ་རེད།

གནའ་བོའི་ཇ་འདྲེན་བརྡལ་ལམ་ནི་དབུས་གཙང་དང་ད་ལྟའི་སི་ཁྲོན་དང་ཡུན་ནན་ས་ཁུལ་བར་གནའ་རབས་ཀྱི་མེས་པོ་ཚོ་གནས་སྤོ་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད། ད་ལྟའི་སི་ཁྲོན་དང་ཡུན་ནན། བོད་ལྗོངས་སོགས་ཀྱི་གནའ་བོའི་ཤེས་དཔལ་བརྒྱུད་སྤེལ་ལམ་བུ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

1954ལོར་སྲིད་གཞུང་གིས་ཇའི་ཚོང་རྟགས་རྙིང་པ་མང་པོ་བསྡུ་སྒྲིལ་བྱས་ནས་སི་ཁྲོན་ཞིང་ཆེན་ཇ་ལོ་སྤྱི་གཉེར་ཁང་གཡག་རྔ་ཇ་ལོ་བཟོ་གྲྭ་ཞེས་པ་བཙུགས་པ་དང་། དེ་ནི་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་དང་། ལོ་རྒྱུས་ཡུན་རིང་ཤོས། ཉར་ཚགས་ཆ་ཚང་ཤོས་བཅས་ཀྱི་མཐའ་མཚམས་ཚོང་ཇ(བོད་ཇ)ཡི་ཐོན་སྐྱེད་ཁེ་ལས་ཤིག་ཡིན་ཞིང་། དེ་སྔོན་མིང་ཆིང་དུས་སྐབས་ཀྱི་དབྱི་ཤིང་ཇའི་ཚོང་རྟགས་དང་ཐེན་ཤིང་ཇའི་ཚོང་རྟགས་སོགས་ཚོང་ཁང་རྙིང་པ་མང་པོའི་ཁུངས་འདེད་ཆོག་པ་དང་། ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་དཔོན་ཇ་དང་ཚོང་ཇ་བཟོ་བའི་སྲོལ་རྒྱུན་ལག་རྩལ་དེ་དག་མ་ཉམས་བརྒྱུད་འཛིན་བྱེད་བཞིན་ཡོད་པ་རེད།

གཡག་རྔ་བོད་ཇ་ནི་བོད་རིགས་མི་དམངས་ཚོའི་རྒྱུན་གཏན་འཚོ་བར་མཁོ་བའི་བཏུང་བྱ་མེད་དུ་མི་རུང་བ་ཞིག་ཡིན་ལ། དེ་ལ་ཇ་བཤད་སོགས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། རྒྱ་བོད་མི་རིགས་བར་གྱི་མཛའ་མཐུན་དང་། ཕན་ཚུན་གྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་སོགས་ཀྱི་བདེན་དཔང་ཡང་ཡིན་པ་རེད།

དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་གཡག་རྔ་བོད་ཇ་དེ་རིམ་བཞིན་རང་ཉིད་ཀྱི་སྤུས་རྟགས་ཁྱད་ཆོས་སུ་གྱུར་ཏེ། 2007ལོར་གཡག་རྔ་བོད་ཇའི་མཐུན་ཚོགས་དངོས་སུ་བཙུགས་ནས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་ཅིང་། གཡག་རྔ་བོད་ཇའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་པ་རེད།

2008ལོར་གཡག་རྔ་བོད་ཇའི་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་བཞག་པ་དང་། དེས་བོད་ཇའི་ལོ་རྒྱུས་ཀྱི་རིན་ཐང་ལ་གདེང་འཇོག་གང་ལེགས་བྱས་པས་མ་ཚད། བོད་ཇ་བཟོ་རྩལ་གྱི་རིག་གནས་བརྒྱུད་འཛིན་ཐད་ཕན་ནུས་ཆེན་པོ་ལྡན་པ་རེད། 2022ལོར་ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་འབྲེལ་ཡོད་སྲོལ་རྒྱུན་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཅིང་། འཛམ་གླིང་གི་ཇའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

མདོར་ན་གཡག་རྔ་ཇ་བཟོ་གྲྭ་ནི་བཟོ་གྲྭ་ཁོ་ན་ཙམ་མ་ཡིན་པར་གཡག་རྔ་བོད་ཇའི་རྩ་བ་དང་བླ་སྲོག་ཡིན་ཞིང་། དེ་ནི་གནའ་བོའི་ཇ་འདྲེན་བརྡལ་ལམ་གྱི་ལོ་རྒྱུས་དང་དེང་རབས་སྤྱི་ཚོགས་སྦྲེལ་མཐུད་དང་། རྒྱ་བོད་མི་རིགས་ཀྱི་བརྩེ་དུང་འབྲེལ་ཐག་གཙོ་བོ་ཞིག་རེད། གཡག་རྔ་ཇ་བཟོ་གྲྭ་ནི་ཀྲུང་གོའི་ལོ་རྒྱུས་རིང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བོད་ཇ་ཐོན་སྐྱེད་རྟེན་གཞི་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག“གཡག་རྔ་བོད་ཇའི་སྲོལ་རྒྱུན་བཟོ་རྩལ”གྱི་བརྒྱུད་འཛིན་སྡེ་ཚན་གཙོ་བོ་ཡིན་པས། “ཀྲུང་གོའི་བོད་ཇའི་འགྱུར་རྡོ་གསོན་པོ”དང“མི་རིགས་མཐུན་སྒྲིལ་ཇ”ཞེས་པའི་མིང་གྲགས་དང་མཚན་སྙན་གྱི་འབྱུང་ཁུངས་ཀྱང་ཡིན་ནོ།།

( ནོར་བུས་བྲིས་ཤིས་པར་བླངས།)