国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་དཔལ་ཡོན་བཞད་བྱུང་།

དཔྱིད་འགོའི་ཁ་ཆར་འདྲེས་མ།།

ས་གཞིའི་པང་ན་འཐོར་བཞིན།།

སྔོ་ལྗང་མྱུ་གུ་འབུས་པའི།།

དཔལ་ཡོན་རབ་ཏུ་རྒྱས་བྱུང་།།

འཇམ་མཉེན་མེ་ཏོག་འདབ་མ།།

དཀར་དམར་ཁ་དོག་ཡག་པ།།

མཁས་པའི་པིར་ལས་འཁྲུངས་ནས།།

སྣུམ་ཚོན་རི་མོ་བྲིས་འདྲ།།

ལྗོན་པའི་ཡལ་གའི་རྩེ་ནས།།

བྱིའུ་ཆུང་གསུང་སྐད་ལྷང་ལྷང་།།

མེ་ཏོག་ཟེའུ་འབྲུའི་དབུས་ལ།།

རྐང་དྲུག་རྩེད་འཇོ་རོལ་བྱུང་།།

མཛེས་སྡུག་པད་མའི་ཁྲི་ཤིང་།།

མེ་ཏོག་སྣ་ཚོགས་བཞད་ནས།།

ཟིམ་ཟིམ་ཆར་པས་བརླན་པའི།།

ཡིད་འོང་དཔྱིད་ཀྱི་དཔལ་ཡོན།།

དཔྱིད་འགོའི་ནོར་འཛིན་འཕང་བར།།

མེ་ཏོག་ཁྲ་རྒྱན་སྤྲས་བྱུང་།།

སྒེག་ལྡན་ཁམ་བུའི་ཁྲི་ཤིང་།།

དཔྱིད་ཟླའི་གཟི་མདངས་འདྲ་བ།།

ལང་ཚོའི་དཔལ་ཡོན་བཀྲ་བའི།།

མེ་ཏོག་སྐྱེད་ཚལ་འགྲིམ་དུས།།

ཁ་འབྲས་མཚར་བའི་ཆུང་འདྲིས།།

མིག་གི་ལམ་ལ་ཤར་བྱུང་།།

ཨེ་མ་དཔྱིད་འགོའི་མེ་ཏོག།

ཡིད་དབང་འཕྲོག་པའི་མཚར་སྡུག།

མཛེས་སྡུག་དཔལ་ཡོན་འདི་འདྲ།།

ལྷ་ཡུལ་ལས་ཀྱང་སྐྱིད་པ།།

དཀར་དམར་ཚོན་མདངས་ཡག་པའི།།

འབྲས་ལྡན་ཁམ་བུའི་མེ་ཏོག།

བཅུ་དྲུག་ན་ཆུང་བུ་མོའི།།

ལང་ཚོ་དེ་དང་འདྲ་བྱུང་།།

སྒེག་ལྡན་དཔྱིད་ཀྱི་དཔལ་ཡོན།།

མི་ཡུལ་ལོངས་སྤྱོད་འདྲ་བ།།

ཟིམ་ཟིམ་ཆར་པའི་ཁྲོད་ནས།།

མེ་ཏོག་བཞད་ཁ་ཕྱེས་སོང་།།

མ་བཏབ་མེ་ཏོག་མཛེས་པ།།

མ་བྲིས་རི་ཆུའི་བཟོ་བཀོད།།

མ་བཞེངས་ངོ་མཚར་ཆེ་བ།།

མ་ཡུམ་གངས་ལྗོངས་ཕྱུག་མོ།།

༼ རྡོ་རྗེ་ཐར་ལམ། ༽