国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དཔལ་མེ་ཏོག།

དཔྱིད་དཔལ་སླེབས་བྱུང་།

དཔྱིད་དྲོད་ཀྱིས་འཇམ་མཉེན་གོས་བཟང་བཀླུབས་ཏེ།

མཛེས་བཀོད་ཀྱི་རྨི་ལམ་ཞིག་རུམ་པར་བྱས།

ལྗང་ཁུ་བསྐྱུགས་པའི་དྲི་ངད་ལ་བཞོན་ནས།

ཕ་ཡུལ་གྱི་སྒལ་ཚིགས་ལས་དལ་བུ་སླེབས་བྱུང་།

དཔྱིད་དཔལ་སླེབས་སོང་།

དཔྱིད་ཀྱིས་འཇིག་རྟེན་མུན་པ་མ་ལུས་བརྒུམས་ཏེ།

དུང་གི་ལྷུན་པོའི་དབུ་རྩེར་དམ་འཁྱུད་གནང་།

ཁ་བའི་འདབ་མར་ཆུ་ཕྲན་ཟིལ་གྱིས་བརླན།

བསིལ་རླུང་གི་གཤོག་འགྱུར་བྲག་ངོས་སུ་འཐིམས་ཕྱིན།

དཔྱིད་འགོའི་མེ་ཏོག་ཚོམ་བུ་སོས་དལ་གྱིས་འབུས་བྱུང་།

དཔྱིད་དཔལ་སླེབས་སོང་།

གསེར་འོད་ཀྱིས་ཁྱབ་པའི་ནོར་འཛིན་གྱི་པང་དུ།

ལྗང་ཐིང་ཐིང་གི་སྣུམ་རིས་རྣམ་པར་བཀྲ།

གཡང་གསུམ་ཐང་ལ་བརྡལ་བའི་འབྲོག་ཡུལ་ནས།

ཕྱུག་རྫིའི་འུར་རྡོའི་ཚག་སྒྲ་ལས་དཔྱིད་ཟླ་དང་པོ་ཚེས་བྱུང་།

དཔྱིད་དཔལ་སླེབས་སོང་།

ཆུ་འཛིན་གྱི་ཕང་བ་ནས་དབྱར་རྔ་ལྡིར་ཞིང་།

སྦྲང་ཆར་གྱི་སིལ་མ་ས་རུ་མར་མར་འབབ།

མི་རྣམས་དགའ་བདེ་དཔལ་གྱི་ལོངས་སྤྱོད་ལ་རྔམ་པ་ལྟར།

རི་དྭགས་ཀྱི་ཚོགས་དཔྱིད་ཀྱི་དཔལ་ཡོན་སྨིན་པར་བྲེལ།

དེ་ལྟར་རེ་སྒུག་འབུམ་གྱིས་བཞེངས་པའི་དཔྱིད་ཟླ་ཐོན་བྱུང་།

༼ གངས་ཆབ་ལྷ་སྲས། ༽