དཔྱིད་དཔལ།
ལང་ཚོ་རྒྱས་པའི་སྔོ་ལྗང་གི་
གཞོན་ཤ་འཇམ་པོ།
ཆར་རླུང་གི་རྗེས་ཤུལ་རེ་ན་རྔུལ་ཆུའི་
དོ་ཤལ་མཛེས་ཤིང་།
ཁྲ་ཆིལ་ཆིལ་གྱི་མེ་ཏོག་གི་མིག་ཟུང་
བར་ན་འཇིག་རྟེན་གསར་
པ་ཞིག་མངོན་ཡོད།
དཔྱིད་དཔལ།
ཁྱོད་ཀྱི་མཛེས་སྡུག་གི་རྣམ་པ་དག།
སྤྲིན་གསེབ་ནས་བཞུར་ཡོང་།
ངའི་ཚོར་བའི་མེ་ཏོག་དེ་བརླན་གྱིས་བཟུང་།
དཔྱིད་དཔལ།
ཁྱོད་ཀྱི་རིན་བྲལ་གྱི་ཚེ་སྲོག་དེར།
འཇིག་རྟེན་གྱི་སེམས་ལྡན་ཀུན་ལ།
ཆེས་རྙེད་པར་དཀའ་བའི་རིན་ཐང་དང་
མཐོང་བར་དཀའ་བའི་སང་ཉིན་གྱི་
ཉི་ཟླའི་འཆར་ནུབ་དེ་ཚོ་ཡོད།
དཔྱིད་དཔལ།
མཉེན་ལྡན་གྱི་ཡལ་ག་རེ་ན།
ཚེ་སྲོག་གི་གསང་བ་གང་མང་སྦས་ཤིང་།
འབྱུང་བཞིའི་གཤིས་ལུགས་ཀྱི་གཏམ་རྒྱུད་ཀྱང་།
ཁྱོད་ལ་གང་མང་ཞིག་ལྡན་ངེས།
དཔྱིད་དཔལ།
ཉི་ཟླའི་ཐིགས་པ་རྒུམ་པའི་དུས་བཞིའི་ལང་ཚོ།
ཞོགས་སྨུག་བན་བུན་གྱི་ཡོལ་བ་འཐེན་ཞིང་ཆར་ཟིམ་གྱི་
མེ་ཏོག་ཁུར་བའི་སྒེག་ཉམས།
ངའི་བསམ་གཞིག་གི་དར་སྣེ་ལ་འཐམ་པའི་
སྙན་ངག་གི་ཡིག་འབྲུ།
དཔྱིད་དཔལ།
སྐྱ་རེངས་བུ་མོའི་འཛུམ་མདངས་གསར་པ་ཞིག།
མཁའ་དབུགས་གསར་པའི་ལང་ཚོའི་སྒེག་ཉམས་ཤིག།
འཚོ་བའི་མངར་ཁ།
ཚེ་སྲོག་གི་གླུ་སྒྲ།
དུས་ཚིགས་འདི་རུ་མཆེད་པར་བསྒུག།
སྙན་ངག་གི་བླ་སྲོག་ལ་ཐིམ་པར་བསྒུག།
དཔྱིད་དཔལ།
མཛེས་སྡུག་གིས་བཞད་པའི་མེ་ཏོག་རེ་རེ།
མཉེན་འཇམ་གྱིས་ཕྱུག་པའི་རྩྭ་ལྗང་རེ་རེ།
མཚོ་རླབས་ལྟར་འཕྱོ་ཞིང་།
འཇའ་ཚོན་ལྟར་བཀྲ།
༼ བདེན་མྱིག། ༽
