国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་འགོ་གསར་ ཚེས་ཀྱི་ཁ་བ།

དེ་རིང་གི་ཁ་བ་ནི་དཔྱིད་འགོ་གསར་ཚེས་ཀྱི་ཁ་བ་དེ་ཡིན་པས།

དེ་རིང་གི་ཁ་བ་ནི་ཆར་དུས་ཀྱི་སྔོན་འགྲོ་ཞིག་མ་ཡིན་ནམ།

དེ་ནི་ཁ་བ་ཅན་ལ་གནང་བའི་རྣམ་དཀར་གྱི་ཁ་བ་དེ་མ་ཡིན་ནམ།

དེ་ནི་གངས་ལྗོངས་ལ་འབུལ་བའི་སེམས་ཀྱི་མཆོད་པ་མ་ཡིན་ནམ།

དེ་རིང་གི་ཁ་བ་འདིས།

དྲན་གདུང་དང་སྐྱོ་སྣང་གི་ལོ་ཟླ་བྱིངས་ནས་རྫོགས་ཏེ།

འཚེ་མེད་ཞི་བདེ་དང་བདེ་སྐྱིད་ཅིག་གི་སྨོན་འདུན་ཞུ་བཞིན་ཡོད།

དྭངས་གཙང་གི་ཁ་བ་དེ་ཁ་ཁུ་སིམ་མེར།

དགུན་ཟླ་ཐ་མའི་ངོ་གདོང་ལ་སིབ་སིབ་འཐིམ་ན།

སུ་ཞིག་གིས་ཁ་བའི་སྐྱིད་སྡུག་དང་ཉམས་ཆུང་བའི་སེམས་པ་རྟོགས།

སྐྱ་མདོག་གི་དུས་ཚིགས་འདིའི་ཕ་རོལ་བརྒལ་རྗེས།

དྲོད་འཇམ་གྱི་དཔྱིད་དཔལ་དང་།

མཛེས་སྡུག་གི་ཞིང་ཁམས་ཡོད་པས།

ཁ་བས་སེམས་པ་འཁྱག་ཏུ་བཟོས་ཀྱང་།

གཏམ་རྒྱུད་ཅིག་ལ་བརྗེད་བྱང་བཀོད་པའི་སྔ་རོལ་ཏུ།

གཏམ་རྒྱུད་ཅིག་གི་དབུ་ཁྱུད་སླར་དུ་བྲིས།

དཔྱིད་ཀའི་ཉི་ཐིག་ལ་འདོད་ཡོན་ལྔ་པོ་མེད་ཀྱང་།

དཔྱིད་ཀར་སྒུག་པ་དེ་ནི་མཛེས་སྡུག་གི་རྨི་ལམ་འཐགས་པའོ།།

རྨི་ལམ་གྱི་གྲོང་ཁྱེར་ན་འཁེན་པའི་རྣམ་ཤེས་འཁྱམ་པོ་ཞིག།

ཁ་བ་དང་མཉམ་དུ་རྒྱང་རིང་ནས་འཕུར་འོངས་ཤིང་།

རླུང་བུ་ཡིས་ཁ་བ་དང་ལྷན་དུ་ཐག་རིང་ཐག་རིང་ཞིག་ཏུ་ཁུར་འགྲོ།

ཁ་བ་ཡ་ཁ་བ།

ཁྱོད་ནི་སུ་ཞིག་གིས་མི་ཡུལ་ལ་ཕུལ་བའི་དྲི་མེད་ཀྱི་ལྷ་དར་ཡིན།

སུ་ཞིག་གི་མིག་རྐོང་ནས་བརྡོལ་བའི་དྲན་གདུང་གི་མིག་ཆུ་ཡིན།

ཁ་བ་དཀར་པོ།

ཁྱོད་ཀྱིས་བརྒྱན་པའི་འཇིག་རྟེན་ནི།

དགའ་སྤྲོ་མཚོན་པའི་སྙན་ངག་ཞིག།

༼ མེ་ཆར། ༽