སྤྱི་ཟླ3པའི་ཚེས31ཉིན། དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དར་མདོ་རུ་འཚོགས། འབྲེལ་ཡོད་ཚོགས་འདུའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས་ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ། 2026ལོའི་ཁུལ་ཡོངས་ཀྱི་བཟོ་ཚོགས་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡིའུ་ཞང་ཧྥེ་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས།
ཚོགས་འདུར་ཁུལ་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས“དངོས་སྒྲུབ་ལ་ཧུར་བརྩོན”བྱེད་པའི་སྤྱོད་ཚུལ་ལ་བརྟེན་ནས་བསམ་བློའི་རྨང་གཞི་བརྟན་དུ་གཏང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བཟོ་ལས་འགུལ་སྐྱོད་བྱ་གཞག་གི་ཡང་དག་པའི་ཁ་ཕྱོགས་ལ་དམིགས་པ་དང་འགྱུར་མེད་ཀྱི་ཆབ་སྲིད་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་པ། བསམ་བློའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་བ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་སྟོབས་ཤུགས་མི་ཉམས་པ་བྱ་དགོས། “མྱུར་སྒྲུབ་ལ་བརྩི་མཐོང”བྱེད་པའི་སྙིང་རུས་ལ་བརྟེན་ནས་ལས་འགན་གཙོ་བོ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏང་བ། རྟ་མཆོག་ལྕག་གིས་སྐུལ་བའི་འགྲན་སྡུར་སྟེགས་བུ་བསྐྲུན་པ། སྔོན་ལ་གསོ་སྦྱོང་བྱས་ནས་ཤེས་ལྡན་མི་སྣའི་དཔུང་ཆེན་འཛུགས་པ། མགྱོགས་མྱུར་དང་ལེན་བྱས་ཏེ་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྐུལ་སློང་བྱ་དགོས། “དཀའ་སྒྲུབ་ལ་མི་སྐྲག་པའི”སྙིང་སྟོབས་ལ་བརྟེན་ནས་ཉེན་ཁའི་མཐིལ་ཚད་བརྟན་པོར་སྲུང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ངལ་རྩོལ་ཁྱབ་ཁོངས་ཀྱི་འགོག་སྲུང་དྲ་བ་དམ་པོར་བཟོ་བ། དཀའ་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ། ཉེན་ཁ་སེལ་ཐབས་ཏན་ཏིག་བྱེད་པ། ལས་སྒྲུབ་པའི་ཁེ་དབང་འགན་སྲུང་བཅས་བྱ་དགོས། “ཐབས་སྒྲུབ་ལ་མཁས་པའི”བློ་གྲོས་ལ་བརྟེན་ནས་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བཟོ་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐུལ་བ། ཁ་ཕྱོགས་འཚོལ་མཁས་པ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཀོད་སྒྲིག་དང་། ཐབས་སྒྲུབ་ལ་མཁས་པའི་གསར་གཏོད། ཨང་ཀིས་སྤུས་ཚད་དང་ཕན་འབྲས་འདོན་ཐུབ་པ། སྤྱོད་ཚུལ་ནན་པོ་དང་ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུར་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པ་བསྟན།
ཚོགས་འདུར་ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་སྙན་སེང་ལ་ཉན་པ་དང་འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་འཆམ་བྱུང་བ་རེད།
ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་པའི་ཨུ་ལྷན་གྱི་ཨུ་ཡོན་དང་། གྲོན་དངུལ་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན། གསབ་སྣོན་བྱེད་རྩིས་ཡོད་པའི་ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་པའི་ཨུ་ཡོན་བཅས་དང་། དེ་བཞིན་སྡེ་ཚན་དང་ཁེ་ལས་ཁ་ཤས་ཀྱི་བཟོ་ཚོགས་ཀྱི་འགན་འཁུར་བློ་མཐུན། ལས་རྣམ་གསར་པའི་ཚོགས་སྤྱིའི་བཟོ་ཚོགས་ཀྱི་འགན་འཁུར་བ་བཅས་དང་། རིམ་པ་ཁག་གི་ངལ་རྩོལ་དཔེ་བཟང་བ། ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན། ལག་ཤེས་པ་དང་ལས་སྒྲུབ་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།།
( ཡེ་ཤེས་ཀྱིས་བསྒྱུར། )
