国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀའ་སྒྲུབ་ལ་མི་སྐྲག་ནས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་དཀའ་གནད་བསལ་དགོས།

དཀའ་སྒྲུབ་ནི་བྱ་བ་དཀའ་ཚེགས་ཅན་སྒྲུབ་པའི་བརྩོན་ཤུགས་ལ་ཟེར་ཞིང་བསམ་པའི་འཁྱེར་སོ་ལ་རག་ལས་ཡོད། འཇིག་རྟེན་གྱི་ཁ་དཔེ་ལ་ཡང་དཀའ་བའི་ལས་ཤིག་མ་བསྒྲུབས་ན།། བདེ་མོ་ཐང་ལ་ཅི་འདྲ་སླེབས།། ཞེས་པ་ལྟར། སྤྱིར་བྱ་བ་ཆེ་ཕྲ་གང་རུང་ལ་བརྩོན་པ་ཆེ་ཕྲ་དེ་བཞིན་དགོས་པ་རྒྱུ་འབྲས་ཀྱི་ལུགས་སུ་སྣང་ཞིང་། ལྷག་པར་དཀར་མཛེས་ཁུལ་གྱི་ས་བབ་མཐོ་ཞིང་གནམ་གཤིས་སྡུག་པ་དང་། རང་བྱུང་གནོད་འཚེ་མང་ཞིང་འཕེལ་རྒྱས་ཀྱི་འགོག་རྐྱེན་ཆེ་བའི་གནས་བབ་འོག། རྗེས་ལུས་འདོད་ནས་སྒྲུབ་མི་བསམ་པ་དང་ལྗིད་དོར་ཡང་ལེན་སྒྲུབ་མི་ཕོད་པ། རྙིང་ཞེན་བག་འཁུམས་སྒྲུབ་མི་ཤེས་པ། གུས་སྐྲག་མི་ཤེས་གང་བྱུང་སྒྲུབ་པའི་གནད་དོན་བྱུང་དང་འབྱུང་བཞིན་ཡོད་པས། དཀའ་སྒྲུབ་ལ་མི་སྐྲག་པའི་སྙིང་སྟོབས་དང་འགག་སྒྲོལ་དཀའ་སེལ་གྱི་བློ་སྤོབས་སྔར་བཞིན་སྲ་བརྟན་ངང་མཐའ་གཅིག་ཏུ་བཅངས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ཁྲོད་དུ་འཕྲད་པའི་དཀའ་གནད་ཧུར་ཐག་བསལ་དགོས།

དཀའ་སྒྲུབ་ལ་མི་སྐྲག་པར་དཀའ་ངལ་ལ་གདོང་གཏད་ཕོད་པའི་མཆོང་ཤུགས་དགོས་ཤིང་། ཟས་བརྗེད་གཉིད་བཅག་གི་བརྩོན་ཤུགས་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་ཤུགས་ཀྱང་དགོས།

དཀའ་ངལ་ཡོད་ཀྱང་གཞན་དབང་གི་སྒྱིག་ལུག་ཏུ་མི་གནས་ཤིང་ཞུམ་བཅས་བརྩོན་པ་མི་དོར་ཏེ་མ་སྐུལ་དང་ལེན་ངང་ཚན་མཐུན་ལུགས་མཐུན་གྱིས་སེལ་ཐབས་བྱ་དགོས། རྒྱང་སྐྱོད་སྙིང་སྟོབས་དང་ལམ་གཉིས་སྙིང་སྟོབས། དཀར་མཛེས་སྙིང་སྟོབས་བཅས་ཀྱིས་དྲག་ཆས་མུ་མཐུད་སྤྲས་ཤིང་། དམིགས་འབེན་འགྲུབ་དགོས་ཕྱིན་སྟེར་དབང་ལམ་འགྲོ་དང་བརྩོན་མེད་འབྲས་འདོད་ངང་གནས་ཐབས་རྩ་བ་ནས་མེད་ལ་དཀའ་སྤྱད་སྡུག་གཏགས་དང་ངལ་བ་ཁྱད་བསད་ཀྱིས་ལམ་མེད་ལམ་གཏོད་དང་རྐྱེན་ངན་གྲོགས་སུ་བསྒྱུར་ཐུབ་དགོས། བཤད་པ་སྟོང་ལས་སྒྲུབ་པ་གཅིག་དགའ་ཞིང་གྲོས་ཚོགས་བརྒྱ་ལས་ལག་ལེན་གཅིག་བཟང་། གཅིག་ལ་ཁ་གཡར། གཉིས་ལ་ཁག་འགན། གསུམ་ལ་ཡུས་བཤད་དེ་དཀའ་ངལ་ལ་སྐྲག་ནས་སྡོད་མི་རུང་། སྒུག་བརྟེན་སློང་ལྟ་སྤངས་ཏེ་ལས་གནས་གང་དུ་ཡོད་ན་དེར་ཟས་བརྗེད་གཉིད་བཅག་གིས་འགན་འཁྲི་བསྒྲུབ་དགོས། ངར་སྟག་ཡོད་པ་ཤེས་བཞིན་དུ་རི་ཀླུང་ནགས་སུ་རང་དགར་སྐྱོད་པའི་བློ་སྤོབས་བཅངས་ཤིང་། ཕུགས་ཀྱི་འདུན་མ་མ་འགྲུབ་ན་ཕྱིར་ནུར་གཏན་ནས་མི་བྱེད་པའི་སྙིང་རུས་ཆེན་པོས་འཕེལ་རྒྱས་ཀྱི་འགག་ས་གཤོང་། དམངས་འཚོའི་དཀའ་ས་སེལ། ལས་དོན་གྱི་གནད་ས་རྟོལ་བཅས་བྱ་དགོས།

ང་ཚོས་དཀའ་སྒྲུབ་ལ་མི་སྐྲག་པའི་སྤྱོད་ཚུལ་ནམ་རྒྱུན་གྱི་ལས་དོན་ཁག་དང་བྱ་གཞག་གི་འགོ་རྔ་བར་གསུམ་དུ་ཁྱབ་པར་བྱས་ཏེ། འཕེལ་རྒྱས་སྤུས་ཚད་མཐོན་པོའི་འགྲན་ལམ་དུ་དཀར་མཛེས་ཁུལ་གྱི་མྱུར་ཚད་དང་བརྗིད་ཉམས་བསྟན་དགོས་སོ།།

( སྐལ་ཐུབ་ཀྱིས་བྲིས། )