( པར་ངོས་དང་པོར་མཐུད།)གཞི་རིམ་བཅོས་སྐྱོང་ནུས་ལྡན་ཕན་འབྲས་ཐོབ་ཡོད། མིག་སྔར། དཀར་མཛེས་ཁུལ་གྱི“ཞིང་གསུམ”འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་མཉམ་གནས་དང་། གོ་སྐབས་འགྲན་སློང་ལས་ཆེ་བས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་དེ་སྤུས་མཐོ་ཕན་ཆེར་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ཞིང་ལས་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ། ཡུལ་སྡེ་འཚོ་སྡོད་དང་ལས་རིགས་ལ་འཚམ་པ། ཞིང་པ་འབྱོར་ཕྱུགས་ལྡན་པར་བསྐུལ་དགོས།
ཀྲའོ་པོ་ཡིས་རྒྱུན་རྣམ་ཅན་དང་གནད་སྨིན་རོགས་སྐྱོར་འཛིན་ཡས་བྱས་ནས་རྒྱུན་ཚུལ་ཅན་གྱི་རོགས་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུར་དམ་དུ་འཛིན་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས། ཁྱད་ཆོས་ཐོན་ལས་སྟོབས་ཆེར་གཏང་རྒྱུ་གཙོ་གནད་དུ་བྱས་ནས་སྤུས་ཚད་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་བ་དང་། དུས་རབས་གསར་པའི་ཆུ་ཚད་མཐོ་བའི“མཐོ་སྒང་གི་འབྲུ་མཛོད”འཛུགས་སྐྲུན་མགྱོགས་སུ་གཏོང་བ། གནག་ཕྱུགས་དང་བོད་ཕག། ཤ་མོའི་རིགས་སོགས་ལྷད་མེད་སྐྱེ་ལྡན་ཐོན་ལས་ཁྱུ་ཚོགས་རྒྱུན་མཐུད་ངང་གསོ་སྐྱོང་བྱེད་པ། མཐོ་སྒང་གི་ཆུ་ཐོན་གསོ་སྤེལ་ལས་རིགས་འཚོལ་ཞིབ་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས“གནས་མཆོག་དཀར་མཛེས”དང“ལྷ་གཡག་དཀར་མཛེས”ཀྱི་ཟོང་རྟགས་ཇེ་གྲགས་ཏུ་གཏང་དགོས། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏང་རྒྱུ་གཙོར་བྱས་ནས་ཞིང་སྡེ་ཐུན་མོང་གིས་སྣེ་འདྲེན་ཁེ་ལས་དང་འབྲེལ་མཐུད་བྱེད་པ་དང་། ཐོན་ཁུངས་ཐར་ཐོར་བསྡུ་སྒྲིལ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གནག་ཕྱུགས་གསོ་སྤེལ་དང་བེ་ཤ་བསྡུ་སྒྲུབ་སོགས་གཙོ་གནད་ཐོན་ལས་ལ་གཅིག་གྱུར་གྱི་ཞབས་ཞུ་མཁོ་འདོན་དང་། ཁེ་སྤོགས་བརྟན་པོ་ཐོབ་པ། ཞིང་པ་ལས་མིའི་ལས་གནས་བརྟན་པོ་དང་ལས་ཞུགས་གང་ཐུབ་བཅས་བྱས་ཏེ་བྱ་ཐབས་གང་མང་བླངས་ནས་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏང་དགོས། འཆམ་མཐུན་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་བྱ་རྒྱུར་བརྟེན་ནས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཡུལ་སྲོལ་ཡ་རབས་ཚུལ་ལྡན་འཛུགས་སྐྱོང་ལས་གྲྭ་ལག་བསྟར་ཡང་དག་བྱ་རྒྱུ་དང་།ཡུལ་སྡེ་དེ་བས་སྡོད་འཚམ་དང་མང་ཚོགས་དེ་བས་སྤྲོ་སྐྱིད་བག་འཕེལ་ཡོང་བར་བྱ་དགོས། ཞིང་ལས་ཞིང་སྡེ་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཇེ་ཟབ་ཏུ་བཏང་ནས་རྨང་གཞིའི་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་མཐུད་དེ་མཐོར་འདེགས་བཏང་ནས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་གསོན་ཤུགས་བསྣན་དགོས།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། ཏང་གི་འགོ་ཁྲིད་དེ“ཞིང་གསུམ”ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ལ་ཁྱབ་པ་བྱས་ནས་ཕྱོགས་ཁག་གིས་རྒྱབ་སྐྱོར་དང་མཉམ་དུ་ཞུགས་པའི་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་བའི་སྣང་ཚུལ་ཟབ་མོ་ནུས་ཤུགས་ཡོད་རྒུས་གཏོད་དགོས། རྫོང(གྲོང་ཁྱེར)ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་ཁུར་མཁན་དང་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རིམ་ཁག་སྡེ་ཚན་ཁག་གིས་མ་སྐུལ་དང་བླངས་ཀྱིས་བྱ་བ་སྒྲུབ་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི“མིག་མངས་གཅིག”གི་ལས་ཀའི་བཀོད་སྒྲིག་འཛུགས་སྐྱོང་བྱ་དགོས། ཤེས་ལྡན་མི་སྣ་དང་། མ་དངུལ། ས་སྤྱོད་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་སྡེ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་སྲ་བརྟན་འདོན་སྤྲོད་བྱ་དགོས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ་དང་། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི“ཞིང་གསུམ”ལས་དོན་སྐས་རིམ་དེ་བས་མཐོན་པོར་སླེབས་པར་ཤུགས་ཡོད་རྒུས་བསྐུལ་དགོས།
ཚོགས་འདུར་ད་དུང་ཉེ་དུས་ཀྱི་སྤྱི་ཚོགས་བརྟན་བརླིང་དང་། ནགས་རྩྭ་མེ་ཟོན་མེ་གསོད། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་པ་དང་། འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་ཁུལ་ཨུའི་ཞིང་སྡེ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་གྲུབ་མཁན་སྡེ་ཚན་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་ཡོད།།
( ལྷ་འཛོམས་དང་སྐལ་རྒྱས་བསྒྱུར།)
