དབྱར།
གཡང་ཕྱུགས་འབའ་སྒྲ་བཞུར་སའི་ཐང་ཆེན་ན།།
འབྲོག་མོའི་གླུ་ཆུང་བཞོ་དབྱངས་ངག་གིས་འཐེན།།
ཟ་ཟིའི་བུང་བའི་གླུ་སྐད་འཇམ་དུས་དེར།།
འཆར་ཡན་སེམས་ཀྱི་རི་མོ་དང་བ་འདྲེན།།
མཐིང་སྨུག་སྤྲིན་དཀར་འདུས་པའི་དཀྱིལ་འཁོར་ན།།
ནག་ནོག་ཆུ་འཛིན་ཐུག་པའི་བར་མཚམས་ནས།།
གློག་ཞགས་རྔམ་ཟིལ་འཁྱུག་དང་ལྷན་རོལ་དུ།།
གཡུ་འབྲུག་ངར་སྐད་གྲག་དུས་རང་སེམས་འཚུབ།།
དཀར་དམར་མེ་ཏོག་འཛོམས་ས་གཡང་གི་ལྷས།།
རྐང་དྲུག་འཕུར་ལྡིང་གར་རྩེད་པདྨར་འཁོར།།
ཟིལ་མངར་བཅུད་ལ་རོལ་བའི་དབྱར་དུས་དེར།།
གཉུག་མའི་སེམས་ཀྱི་མཛའ་མོ་ཁྱོད་ཉིད་དྲན།།
སྟོན།
སྔོ་ལྗང་ནེའུ་གསིང་ར་བར་འབྲས་བུ་བཀྲམ།།
ལྗོན་ཤིང་འདབ་ལག་སྟེང་ན་བཅུད་བཟང་སྨིན།།
ནས་ཀྱི་མྱུ་གུ་འགོ་ལྕོག་ལྡེམ་གྱིས་གཡོ།།
སྟོན་དུས་དཔལ་ཡོན་ལང་ཚོས་སེམས་པ་སྤྲོ།།
མོན་ཡུལ་དཔྱིད་ཀྱི་ཕོ་ཉ་རང་སར་ཆས།།
བྱ་བྱེའུ་ནགས་ཀྱི་རི་དྭགས་ཚང་ལ་འཕོ།།
སྡོང་ལོའི་འདབ་མ་སེར་པོ་སྙིལ་དུས་དེར།།
མ་བཅོས་སེམས་ཀྱི་གཞིས་སུ་སྐྱོ་བ་ཞིག།
གངས་ཆབ་དལ་འགྲོ་རིང་མོ་ཇེ་ཉུང་རེད།།
རང་བྱུང་ཁམས་ཀྱི་སྐྱིད་དཔལ་ཇེ་སྐྱ་རེད།།
སྙན་འགྱུར་དབྱངས་ཀྱི་ཁྱུ་ཚོགས་ཇེ་མེད་རེད།།
རང་སེམས་སྟོན་ལ་གཏད་དུས་ཇེ་འཁྱགས་རེད།།
དགུན།
ནགས་ཀླུང་རི་རྩེའི་ཕྱོགས་ནས་བསིལ་གླུ་དེས།།
ནོར་འཛིན་གཞིས་སུ་རྟེན་པའི་རྐང་ལྡན་ཚོར།།
འཁྱགས་ངར་ལུས་ཟུངས་གཟེར་བའི་དགུན་གྱི་དུས།།
ཚོར་བའི་ཆོ་འཕྲུལ་རི་མོ་ཐལ་བ་བཞིན།།
ན་བུན་ཆུ་འཛིན་འདུས་པའི་གཞལ་ཡས་ནས།།
སྐར་ཚོགས་བྱེ་མའི་ཕུང་པོ་འཐོར་འདྲ་བ།།
ཁ་བའི་མེ་ཏོག་སིལ་མ་བཞད་དུས་ཤིག།
མ་བཅོས་སེམས་ཀྱི་དགའ་སྐྱོ་ངང་གིས་ཚོར།།
རི་ལུང་ཐལ་རྡུལ་སྐྱ་བོས་གང་ས་ན།།
མ་བཅོས་སེམས་ཀྱི་རི་མོ་འཆར་ས་ན།།
དྲི་མེད་ཁ་བའི་ལང་ཚོ་འཐོར་ནི་ཡིན།།
དྲིན་ཆེན་ཕ་མ་ཉི་ཟླ་དྲན་ནི་ཡིན།།
དཔྱིད།
ཆར་ཟིལ་མེ་ཏོག་སིལ་མ་ཡང་ཡང་འཐོར།།
དཀར་ལྡན་ཁ་བ་སིལ་མ་མགྲོན་ལ་བསྐྱལ།།
ཆབ་རོམ་དལ་གྱིས་བཞུར་བའི་དཔྱིད་ཀྱི་འགོར།།
ཡིད་སེམས་སྙིང་གི་དགའ་སྐྱོ་གཉིས་སུ་འདུ།།
དོག་མོ་ས་ཡི་ཡངས་སྟེང་གཡུ་ལོ་འཁྲུངས།།
ཚང་ཚིང་ནགས་ཀྱི་རྫོང་ནས་ཁུ་བྱུག་གྲགས།།
རང་བྱུང་ཁམས་ཀྱི་དྲི་བསུང་ཐུལ་ལེར་འཁྲིག།
ཞེ་སྙིང་གཏིང་ནས་སྤྲོ་ས་ལྷ་ཡུལ་ཚལ།།
མཚམས་སྤྲིན་ནག་ནོག་འདུ་བའི་ལྷ་ལམ་ན།།
བར་སྣང་གློག་གི་ཟིལ་ཟེར་ཡང་ཡང་འཁྱུགས།།
གཡུ་འབྲུག་ངར་ཤུགས་བཙན་པོའི་སྐད་སྒྲ་མཐོ།།
ཚོར་འདུ་སེམས་ཀྱི་སྣང་བ་དངངས་སྐྲག་སྐྱེས།།
༼ རང་མདངས། ༽
