ངག་རིག་འཕྲུལ་གྱི་རྒྱལ་ཐབས་འཛིན་པའི་གཞིར།།
ཕྱག་སོར་པདྨའི་ལྡེམ་ལ་འཇའ་གུར་ཕུབ།།
མི་མངོན་ལྷ་ཡི་ཚལ་དུ་གཏན་བཞུགས་པ།།
སྒྲ་དབྱངས་ངག་གི་མི་མོ་སྤྱི་བོར་བཀུར།།
དགྱེས་འཛུམ་སྤྱན་གྱི་མདངས་ལ་འོད་ཟེར་སྙིལ།།
དེ་རུ་འཁྲིད་པའི་བདག་གི་སེམས་པ་འདི།།
ཧ་ཅང་གཉོམ་པོ་ཞིག་གི་ངང་ཚུལ་གྱིས།།
ཁྱེད་ལ་གུས་ཤིང་ཞུམ་ཞུམ་དང་བཅས་ཏེ།།
སྒྲ་དབྱངས་སྙན་པའི་སྦྲང་ཆར་ཟིམ་ཟིམ་འབབ།།
དེ་ཡི་དབུས་སུ་འཇའ་ཚོན་སྣ་ལྔ་བཀྲ།།
ཁོ་བོའི་དམར་ཆུང་དྲན་པའི་ཁུགས་སོ་ན།།
གང་གི་སྤྱན་རས་དགྱེས་དགྱེས་འཛུམ་འཛུམ་དུ།།
དཀར་གསལ་ཟླ་བའི་གཞལ་མེད་དཀྱིལ་འཁོར་དུ།།
གཏན་བཞུགས་རྒྱལ་ཀུན་གསུང་གི་བདག་མོ་སྟེ།།
འགག་མེད་གསུང་གི་རང་སྒྲ་སྒྲོགས་པ་ཡི།།
མཚོ་བྱུང་དབྱངས་ཅན་མ་ཡི་ཞབས་དྲུང་དུ།།
རབ་མཛེས་ཞལ་གྱི་ལང་ཚོ་ཅི་དགར་དུ།།
འཛུམ་པའི་ངག་རིག་དབྱངས་ཀྱི་འཁྲི་ཤིང་རྩེར།།
འཆར་ཡན་རྟོག་པའི་གླུ་དབྱངས་ལེན་མཁན་དེ།།
ཁྱེད་ཀྱིས་བརྩེ་བའི་རྗེས་སུ་འཛིན་པར་ཞུ།།
མི་ཚེའི་སྣང་བའི་མགུར་ལ་གསན་མཛོད་དང་།།
འཁོར་བའི་རི་ཐང་བརྒལ་ཏེ་འཚོལ་བཞིན་ཡོད།།
དབྱར་གཞུང་མེ་ཏོག་གསེབ་དང་སྟོན་དུས་ཀྱི།།
ཁ་བའི་ཀློང་དང་དགུན་གྱི་གྲང་ངར་ཁྲོད།།
རིག་གཞུང་མེ་ཏོག་འདྲ་བོའི་སྐྱེད་ཚལ་དུ།།
གཡུ་སྦྲང་བུང་བ་ངེད་གཉིས་ཉིན་མཚན་ཀུན།།
ཕྱག་སོར་ལྡེམ་ལ་བཀུག་པའི་ཚིག་གི་ཕྲེང་།།
ཁྱེད་རང་དགྱེས་པའི་མཆོག་གི་གཙོ་བོ་སྟེ།།
ཁྱེད་ནི་མཛེས་སྡུག་ལྷ་ཡི་མོ་གཞོན་ཞིག།
མཁོས་ཆུང་བུ་ཡི་སྙིང་ནོར་དེ་ཁོ་ན།།
མ་བཅོས་ཐོལ་གྱིས་བབ་པའི་སྙན་ཚིག་འདི།།
ང་ཡི་སྐྱོ་བ་སངས་པའི་ཆང་ཕོར་གང་།།
༼ ཁམས་ཟླ་སྲས། ༽
