国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གློག་བརྙན་ལོ་འཛོམས་ཞེས་པ་དར་མདོར་ཕབ་སྐྲུན་བྱེད་འགོ་བཙུགས།

ཉེ་ཆར། ཁྱིམ་ཚང་ཟློས་གར་གློག་བརྙན་ལོ་འཛོམས་ཞེས་པ་དར་མདོ་གྲོང་ཁྱེར་མཛའ་གཞས་ཐང་ཆེན་དུ་ཕབ་སྐྲུན་བྱེད་འགོ་བཙུགས་པའི་མཛད་སྒོ་སྤེལ་བ་རེད།ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡོན་མིང་ཀོང་འགོ་བཙུགས་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ།

གློག་བརྙན་ལོ་འཛོམས་ཞེས་པ་དེ་ཞི་ཨན་གློག་བརྙན་བཟོ་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོག་མར་བཏོན་པ་དང་། འཇིགས་མེད་ཕན་རྒྱས་ཀྱིས་ཨ་འབྲུ་ནས་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པའི་བརྩམས་སྒྲུང་འབྲིང་བ་ལོ་འཛོམས་བཅོས་སྒྲིག་ལས་ཐོན་པ་ཡིན་ཞིང་། འབའ་ཐང་རྫོང་གི་ཁྱིམ་ཚང་དཀྱུས་མ་ཞིག་རྒྱབ་ལྗོངས་བྱས་ནས་བོད་ལོ་སར་རིང་ལ་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་པ་རེད།གློག་བརྙན་དེས་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་རྒྱུ་ཆ་བླངས་ཏེ་དྲོད་སྐྱིད་དང་ལྷག་བསམ་ཟོལ་མེད་ཀྱི་གཉེན་ཉེའི་བརྩེ་དུང་གི་གཏམ་རྒྱུད་ལ་བརྟེན་ནས་མི་ཡུལ་གྱི་འཚོ་བ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་མཚོན་པའི་བརྩེ་སེམས་ཟབ་མོ་བརྗོད་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱི་རི་ཀླུང་མཛེས་ལྗོངས་དང་མིའི་རིག་གནས་ཕུན་སུམ་ཚོགས་པ་མངོན་ཡོད་པ་རེད། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་ཁུར་བའི་ཀྲང་ལི་ཡིས་འཁྲབ་གཞུང་ཚོ་ཆུང་གིས་སླད་ཕྱིན་དར་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་དང་མི་རྒོད་མཚོ་ལྗོངས་ཁུལ།ལྷ་སྒང་རྩྭ་ཐང་།རོང་བྲག་རྫོང་གི་སྐྱིད་མཁར་ཡུལ་གྲོང་སྡེ། སོག་ཕོ་ཡུལ་ཤོག་སོགས་སུ་ཡུལ་ལྗོངས་བླངས་ནས་ཕབ་སྐྲུན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡོན་མིང་ཀོང་གིས་ཤིས་ཚིག་ཕུལ་སྐབས་གློག་བརྙན་གྱི་འོད་བརྙན་སྒྱུ་རྩལ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ལ་བསྐུལ་ཏེ། གློག་བརྙན་དང་མཉམ་དུ་ཡུལ་སྐོར་འགྲོ་བ་དང་གློག་བརྙན་དང་མཉམ་དུ་ཟས་མཆོག་རོལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཕན་ཐོགས་པའི་འཚོལ་ཞིབ་ནུས་པ་སྤྲད་པ་རེད། འཕེལ་རྒྱས་ཀྱི་འདུ་ཤེས་ལ་གཞི་ཚུགས་ནས་ཁོང་གིས་ད་དུང་རྒྱལ་ཡོངས་ཀྱི་གློག་བརྙན་ལ་དགའ་ཞེན་བྱེད་མཁན་དང་ཡུལ་སྐོར་བ་ཚོར་གློག་བརྙན་དང་མཉམ་དུ་དཀར་མཛེས་ཁུལ་དུ་ཡུལ་སྐོར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ལས་ཁུངས་དང་།ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་གློག་བརྙན་འཁྲབ་གཞུང་ལྟེ་གནས་དང་མཉམ་འབྲེལ་པར་ལེན་བཟོ་སྐྲུན་ལས་ཁུངས།དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་གློག་བརྙན་གསར་རྩོམ་གྲ་སྒྲིག་ལ་འགན་ལེན་བརྟན་པོ་བྱས་པ་དང་། ད་སྔར་རྣམ་གྲངས་དེ2026ལོའི་ཧྲན་ཞི་ཞིང་ཆེན་གྱི་རིག་གནས་སྤུས་ལེགས་རྣམ་གྲངས་གལ་ཆེན་དུ་རེ་ཞུ་ལེགས་འགྲུབ་བྱུང་བ་རེད། ཀྲང་ལིས་དྲང་ནུས་ཀྱིས་ཕྱུག་པའི་བརྩམས་ཆོས་དེས་ལྷན་འཛོམས་ཀྱི་ནང་དོན་ཟབ་མོ་མཚོན་པར་བྱས་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་གནས་མཆོག་དཀར་མཛེས་ཁུལ་གྱི་རི་ཆུའི་བརྗིད་ཉམས་དང་མིའི་རིག་གནས་ཕུན་སུམ་ཚོགས་པོར་མྱོང་རོལ་ཐུབ་པ་དང་།མི་དེ་བས་མང་བས་གནས་མཆོག་དེའི་ཉམས་འགྱུར་དང་དྲོད་སྐྱིད་ཤེས་རྟོགས་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།།( བདེ་ཆེན་གྱིས་བསྒྱུར།)