སྤྱི་ཟླ4ཚེས2ཉིན། ཧྭ་གློག་འབའ་ཐང་གི་སྟོང་ཝད་ཁྲི120ཡི་འོད་ཤུགས་གློག་ཁང་ལས་གཞི་ལས་སྒྲིག་པའི་ཀྲའོ་ཧྥ50ཡི་གློག་གནོན་སྙོམ་ཆས་དེ་ཉེ་ཆར་ཚོད་སྒྲིག་དང་། དྲྭ་འབྲེལ་ཚོད་ལྟ།ཆུ་ཚོད168ཀྱི་ཚོད་ལྟའི་འཁོར་སྐྱོད་བཅས་ལེགས་གྲུབ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲའོ་ཧྥ50ཡི་གློག་གནོན་སྙོམ་ཆས་དེ་ནི་སི་ཁྲོན་ཞིང་ཆེན་གྱི་གློག་གནོན་སྙོམ་ཆས་དང་པོ་ཡིན་པ་དང་། འཕྲུལ་ཆས་དེ་སྤྱོད་འགོ་ཚུགས་པ་ནས་ཧྭ་གློག་འབའ་ཐང་གི་སྟོང་ཝད་ཁྲི120ཡི་འོད་ཤུགས་གློག་ཁང་ལས་གཞི་དེ་དྲྭ་སྦྲེལ་གློག་འདོན་ནས་ནུས་མཐོ་བརྟན་པོར་འཁོར་སྐྱོད་བྱེད་པའི་ཕྱོགས་སུ་འགག་རྩའི་གོམ་སྟབས་ཤིག་སྤོས་ཐུབ་པ་མཚོན་ཡོད།
མིག་སྔར་ལས་གཞི་དེའི་གློག་གནོན་སྙོམ་ཆས་གཉིས་པ་ཡང་ཚོད་ལྟ་བྱེད་འགོ་འཛུགས་པ་དང་།གློག་གནོན་སྙོམ་ཆས་གསུམ་པ་གོ་རིམ་ལྡན་པའི་ངང་སྙོམ་སྒྲིག་བྱེད་བཞིན་ཡོད་པ་རེད། གློག་གནོན་སྙོམ་ཆས་གསུམ་པོ་སྤྱོད་འགོ་བཙུགས་རྗེས་ཧྭ་གློག་འབའ་ཐང་གི་སྟོང་ཝད་ཁྲི120ཡི་འོད་ཤུགས་གློག་ཁང་གི་འབག་མེད་གློག་ཕྱིར་སྐྱེལ་གྱི་ཉེན་མེད་རང་བཞིན་དང་བརྟན་པོའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད།
ཀྲུང་གོ་ཧྭ་གློག་འབའ་ཐང་སྟོང་ཝད་ཁྲི120ཡོད་པའི་འོད་ཤུགས་གློག་ཁང་གི་ལས་གཞི་དེ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་ནང་གཙོ་གནད་འཛུགས་སྐྲུན་བྱས་པའི་འབྲི་ཆུ་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ནུས་རྒྱུ་གསར་པའི་སྔོན་ཁྲིད་ལས་གྲྭ་ཞིག་ཡིན་པ་དང་།དཀར་མཛེས་ཁུལ་འབའ་ཐང་རྫོང་གི་འཚོ་འཕགས་མཐོ་བའི་གནས་སུ་ཡོད་ལ། འོད་ཤུགས་ལྷུ་ལག་ཁྲི217བཀྲམས་པ་དེ་མུའུ་ཁྲི2.5ཡི་སྔོན་མདོག་གི་རྒྱ་མཚོ་ཞིག་ཏུ་གྱུར་ཡོད། ལས་གཞི་དེ2025ལོའི་ཟླ་བ5པའི་ཚེས9ཉིན་དངོས་སུ་སྐྲུན་འགོ་བཙུགས་པ་དང་། སི་ཁྲོན་ཞིང་ཆེན་དུ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཁེར་རྐྱང་འོད་ཤུགས་ལས་གཞི་ཞིག་ཡིན་ཞིང་། 2025ལོའི་ཟླ་བ12པའི་ཚེས30ཉིན་ལས་གཞི་དེ་དངོས་སུ་གློག་གཏོང་འགོ་བཙུགས་པ་དེ་ནི་རང་རྒྱལ་གྱི“ལོ་དེར་ལས་འགོ་འཛུགས་པ་དང་ལོ་དེར་ཐོན་སྐྱེད་བྱེད་འགོ་བཙུགས་པའི”སྟོང་ཝད་ཁྲི་བརྒྱ་རིམ་པའི་མཐོ་སྒང་རི་ཀླུང་གི་འོད་ཤུགས་འདུ་འགོད་ཐོག་མ་དེ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)
