国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས“བཟང་པོ་བཞི”མཉམ་འདྲེས་བྱས་ནས་འབྲུ་རིགས་ འབབ་འཕར་གྱི་སྒུལ་ནུས་འཕེལ་བར་བྱས།

སྤྱི་ཟླ4པའི་ཚེས3ཉིན།དཀར་མཛེས་རྫོང་ལྷོ་མདོ་ཡུལ་ཤོག་གི་ནས་སོན་བཟང་སྐྱེ་འཕེལ་རྒྱ་སྐྱེད་རྟེན་གཞིར་མི་མེད་གནམ་གྲུའི་ལྡིང་སྐོར་དང་།ཞིང་ལས་འཕྲུལ་འཁོར་གྱི་ལྡིར་སྒྲས་ཁེངས་ལ།འབྲུ་སྣུམ་ལོ་ཏོག་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་དུ་འགྱུར་བ་དང“བཟང་པོ་བཞི”འདུས་གྲུབ་ཕན་འབྲས་ཀྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་འདི་གར་འཚོགས་པ་རེད། ཡུལ་དངོས་སུ་ལག་རྩལ་མི་སྣས་འཕྲུལ་ཆས་སྤྱོད་སྟངས་འཁྲབ་སྟོན་བྱས་པ་དང་ཚོགས་ཞུགས་མི་སྣར་འཕྲུལ་ཆས་ཀྱི་ནུས་པ་དང་མ་རྩ་གྲོན་ཆུང་།ལས་ཆོད་མཐོ་བ་སོགས་ཀྱི་ཕན་ནུས་ལ་འགྲེལ་བཤད་བརྒྱབ་པ་དང་། འཕྲུལ་ཆས་ཀྱི་འདེབས་འཛུགས་ལ་མ་གནས་ཆེས་ཆེར་ཆག་པ་དང་ལས་སྒྲུབ་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་བཤད་པ་རེད། 2025ལོར་ཁུལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ67.6ལ་ཟིན་ཡོད། ཡུལ་དངོས་ཚོགས་འདུར་ལག་རྩལ་བློ་འདྲི་དང་གསོ་སྦྱོང་མཛུབ་ཁྲིད་དུས་གཅིག་ཏུ་བྱས་པ་དང་། ཞིང་ཆེན་དང་ཁུལ་གྱི་ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་གྱི་ཆེད་རམས་པ་དང་ཚོགས་ཞུགས་མི་སྣས་ཕན་ཚུན་བསམ་འཆར་སྤེལ་རེས་བྱས་ཏེ་འཕྲུལ་ཆས་སྙོམས་སྒྲིག་ཚོད་ལྟ་དང་། ཉེན་མེད་བཀོལ་སྤྱོད། ཞིང་ཁ་དོ་དམ་སོགས་ཀྱི་གནད་འགག་ལ་དམིགས་ནས་དོགས་གནད་སེལ་བ་དང་ལག་རྩལ་དཔྱད་ཡིག་སྤྲོད་པ། “སོན་བཟང་དང་ཞིང་བཟང་། འཕྲུལ་བཟང་།རྩལ་བཟང”བཅས་མཉམ་འདྲེས་ཁྱབ་གདལ་བཏང་བ་རེད། ཕྱི་དྲོའི་བཞུགས་མོལ་ཚོགས་འདུར་དཀར་མཛེས་རྫོང་གི་ནས་འདེབས་པའི་བརྒྱུད་རིམ་ཧྲིལ་པོ་ཁྱོན་ཡོངས་ནས་འཕྲུལ་ཆས་ཅན་དུ་འགྱུར་བ་དང“བཟང་པོ་བཞི”མཉམ་འདྲེས་རྒྱ་བསྐྱེད་སོགས་ཀྱི་ཐད་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཉེ་ལོར་རང་ཁུལ་གྱིས《“སི་ཁྲོན་འབྲུ་མཛོད།རྫོང་བརྒྱ་ཡུག་སྟོང”གི་འཛུགས་སྐྲུན་བྱ་སྤྱོད་ཇུས་གཞི(2024ལོ་ནས2026ལོའི་བར)》ལ་དམ་པོར་གཞིགས་ནས་མཐོ་སྒང་གི་ཁྱད་ཆོས་ཞིང་ལས་ཀྱི་ཚད་དཔོག་ལ་གཞི་ཚུགས་ཏེ་དཀར་མཛེས་དང་བྲག་འགོ་སོགས་རྫོང6གིས་མུའུ་སྟོང་གི་ཐོན་མཐོའི་དཔེ་སྟོན་ཡུག13བསྐྲུན་པ་དང་།མུའུ་བརྒྱ་ཡི་ཐོན་མཐོ་དང་།ཐོན་མཐོའི་འབྲུ་རིགས་ཀྱི་འགག་སྒྲོལ་ཡུག47དུས་གཅིག་ཏུ་ལེ་ལག་ཚང་སྒྲིག་བྱས་ནས་མ་དངུལ་སྒོར་ཁྲི2811བཏང་ཡོད། 2025ལོར་དཀར་མཛེས་ཁུལ་གྱི་མུའུ་སྟོང་གི་ནས་འདེབས་དཔེ་སྟོན་ཡུག་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ214ལ་ཟིན་པ་དེ་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ7.5མཐོ་བ་རེད།

ཁུལ་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་དུ་དཀར་མཛེས་ཁུལ་གྱིས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཁྱབ་གདལ་དང་བེད་སྤྱོད་རྒྱུན་སྲིང་ལ་བསྐུལ་ཏེ། ཞིང་ལས་ཀྱི་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་སྐྱེད་སྲིང་བྱས་ནས་སི་ཁྲོན་འབྲུ་མཛོད་དང་རྫོང་བརྒྱ་ཡུག་སྟོང་གི་འཛུགས་སྐྲུན་ལ་བྱས་རྗེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)