ཉེ་ཆར། གནས་མཆོག་དཀར་མཛེས་ལ། འཛོམ་པའི་ཁ་ཆད་ཡོད་ཅེས་པའི་རྟའུ་རྫོང་གི2026ལོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཚོགས་ཆེན་དང་མངར་ཁམ་མེ་ཏོག་སྐྱེ་ཁམས་རིག་གནས་མྱོང་རོལ་གཟའ་འཁོར་སྐབས་དང་པོ་དེ་རྟའུ་རྫོང་དུ་འགོ་བཙུགས་པ་རེད། རྟའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཨོ་རྒྱན་ཚེ་རིང་བྱེད་སྒོར་ཞུགས་ཤིང་འགོ་འཛུགས་པ་ཁྱབ་བསྒྲགས་བྱས། བྱེད་སྒོའི་ཚོགས་ར་གཙོ་བོ་ནི་མངར་ཁམ་མེ་ཏོག་གི་མཛེས་སྡུག་རྣམ་པར་བཀྲ་བའི་ཁང་གསར་ཡུལ་ཤོག་མ་བུ་གྲོང་ཚོ་ཡིན་ལ། རྫོང་མཁར་ནས་སྤུངས་ཐང་ཆེན་དེ་ཡན་ལག་ཚོགས་ར་ལ་བཀོད་སྒྲིག་བྱས། མ་ཟུར་ཡུལ་ཤོག་དང་རྫོང་ཡོངས་ཀྱི་མངར་ཁམ་མེ་ཏོག་བཞད་སའི་ས་ཆ་ཚང་མར་ལྟ་སྐོར་བྱེད་སའི་གནས་བཙུགས་ཡོད། སྐྱེ་ཁམས་ལྟ་སྐོར་དང་རིག་གནས་མྱོང་རོལ། ལུས་རྩལ་འགྲན་སྡུར། ཚོང་དོན་སྤེལ་རེས་བཅས་གཞི་གཅིག་ཏུ་འདྲེས་པའི་རིག་གནས་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་འདིས་རྟའུ་ཡུལ་གྱི་རང་བྱུང་མཛེས་ལྗོངས་དང་། མིའི་རིག་གི་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།
བྱེད་སྒོ་ཡུལ་དངོས་སུ། རྟའུ་རྫོང་གིས་གནས་མཆོག་དཀར་མཛེས་ཡུལ་སྐོར་གནས་ཚང་བྱ་དགའ་ཐོབ་མཁན་དང་། རྫོང་ནང་གི་གསེར་རྟ་དང་། དངུལ་རྟ། ལྕགས་རྟ་བཅས་ཀྱི་གནས་ཚང་བྱ་དགའ་ཐོབ་མཁན། དེ་བཞིན་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དཔེ་མཛོད་ཁང་དང་གཡུ་ཁོག་རྩྭ་ཐང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་གཏོད་མཁན་བཅས་ལ་བྱ་དགའ་སྤྲད་ཅིང་ཐོན་ལས་ཚད་ལྡན་ཅན་དང་ཁྱད་ཆོས་ཅན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཡོད་པ་རེད། དུས་མཚུངས་སུ་ཀོང་ཀྲོའུ་ཡཱ་ཧྲན་སྐྱེད་ཚལ་སྒྱུ་རྩལ་ཁང་གིས་རྟའུ་རྫོང་ཁང་སར་ཡུལ་ཤོག་གི“མེ་ཏོག་མཁོ་འདོན་རྟེན་གཞིའི”མཚན་སྙན་སྤྲད་པ་དང་། ཀྲུང་གོ་རླངས་འཁོར་དང་འཕྲུལ་རྟ་ལས་འགུལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྟའུ་ཡི་འབྲེལ་ཡོད་ཁེ་ལས་ལ“འཁོར་གཏོང་སྒར་ས”ཞེས་པའི་མཚན་སྙན་སྤྲད་པར་མ་ཟད། རྟའུ་རྫོང་རིག་གནས་ཡུལ་སྐོར་ཅུས་ལ“རོང་བྲག་དང་རྟའུ་ཡི་སྦས་ཡུལ། ཁྲོན་བོད་ཀྱི་ཞིང་ཁམས”སྤུས་ལེགས་འཁོར་གཏོང་ལས་འགུལ་ཡུལ་སྐོར་ལམ་ཐིག་གི་མཚན་སྙན་ཡང་སྤྲད་པ་རེད།
རིག་གནས་གསར་གཏོད་ཐོན་རྫས་ཐོག་མར་འགྲེམས་སྟོན་བྱ་ཡུལ་དུ། རྟའུ་རྫོང་གིས་རང་ཡུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་དང་། རང་བྱུང་ཡུལ་ལྗོངས། དམངས་སྲོལ་ཁྱད་ཆོས་བཅས་ལ་གཞིར་བཟུང་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྩམས་ཆོས་དང་། རིག་གནས་གསར་གཏོད་ཅ་དངོས། ཁྱད་ཆོས་ལག་རྟགས་ཐོན་རྫས་མང་པོ་བཟོས་ནས། ཡུལ་དངོས་ནས་སྤུས་ལེགས་ཐོན་རྫས21ལེགས་འདེམས་བྱས་ནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་རྟའུ་རྫོང་གི་རང་བྱུང་མཛེས་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་ལ་བརྟེན་ནས་གསར་གཏོད་བྱས་པའི་ཐོན་རྫས་དག་རྒྱ་ཆེ་བའི་ཁྲོམ་རའི་ཕྱོགས་སུ་བསྐྱོད་ཐུབ་པར་བྱས་ཡོད།
འགོ་འཛུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་རྒྱ་ཆེའི་ལྟད་མོ་བ་དང་ཡུལ་སྐོར་བའི་མིག་གི་ལོངས་སྤྱོད་དུ་བསྩལ་བར་མ་ཟད། འཁྲབ་སྟོན་ཧྲིལ་པོར་ཕ་ཡུལ་དུ་མངར་ཁམ་མེ་ཏོག་བཞད་ཅེས་པ་གཙོ་དོན་དུ་བྱས་ཤིང་། རྩྭ་ཐང་གི་འབྲོག་གླུ་དང་ཕ་ཡུལ་གྱི་རྨོ་འདེབས། བདེ་སྐྱིད་མེ་ཏོག་བཞད་ཅེས་པ་ལེ་ཚན་གསུམ་དུ་བགོས་ནས་རྟའུ་རྫོང་གི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིའི་འཁྲབ་སྟོན་དང་། དུས་དར་གོས་གསར་དང་ས་གནས་རང་གི་གོས་རྒྱན་ཤོམ་པའི་ཤོམ་འགྲོ། གླུ་གར་གྱི་འཁྲབ་སྟོན་བཅས་བྱས་པས་རྟའུ་ཡུལ་གྱི་ཐུན་མོང་མ་ཡིན་པའི་མི་ཆོས་ཡུལ་སྲོལ་གོམས་གཤིས་དང་བསམ་པའི་ཉམས་འགྱུར་གསོན་ཉམས་ལྡན་པའི་ངང་མངོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་རིང་རྟའུ་རྫོང་གིས“མངར་ཁམ”གཙོ་དོན་དུ་བྱས་པའི་མྱོང་རོལ་བྱེད་སྒོ་ཆེ་གྲས་བཅུ་དུས་གཅིག་ཏུ་སྤེལ་འགོ་བཙུགས་ཏེ། དམངས་ཡོངས་ཀྱི་རྒྱུག་འགྲན། སྡོང་འཛུགས་ལྗང་བསྒྱུར། བོད་གྲོང་སྤྲོ་སྐྱིད། བརྙན་ལེན་འགྲན་སྡུར་སོགས་མཁར་ཁམ་མེ་ཏོག་ཁྲོད་ནས་རོལ་མྱོང་བྱེད་འགོ་བཙུགས་པ་རེད། གོས་རྒྱན་བཤམ་ར། རྟ་མཆོག་འགྲོས་འགྲན། གཟུགས་མེད་རིག་གནས་ཤུལ་བཞག་གི་ཚོང་འདུས་སོགས་དམངས་སྲོལ་གྱི་འདུ་འཛོམས་གཞི་གཅིག་ཏུ་འདྲེས་ཡོད་པར་མ་ཟད། རྟའུ་སྐོར་བྲོ་དང་རོལ་དབྱངས་སྤྲོ་ཚོགས་སོགས་རིག་གནས་ཀྱི་བྱེད་སྒོ་སྣ་མང་སྤེལ་ནས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བའི་ལུས་སེམས་གཉིས་ལ་བདེ་བ་སྟེར་བའི་ལས་ལ་འབད་བཞིན་ཡོད་པ་རེད། པར་ལེན་འགྲན་བསྡུར་དེ་ནི་སྤྱི་ཟླ3པའི་ཚེས20ཉིན་ནས་སྤྱི་ཟླ4པའི་ཚེས20ཉིན་བར་རྒྱུན་མཐུད་བྱས་ཏེ་རྒྱལ་ཡོངས་ལ་ཕྱོགས་ནས་པར་ལེན་བརྩམས་ཆོས་བསྡུ་རུབ་བྱས་ཏེ་བརྙན་མིག་གིས་རྟའུ་མཛེས་ལྗོངས་མངོན་པར་བྱ་རྒྱུ་རེད།།
( ཨོ་རྒྱན་གྱིས་བྲིས།)
