ཉེ་ཆར། “སྤྲིན་རུམ་སེར་ཤུལ། མཐོ་སྒང་སྐྱེ་ཁམས་དང་མིའི་རིག་གནས་ཀྱི་རྟག་བརྟན་གནས་ཚད”གཙོ་དོན་དུ་བྱས་པའི་བརྗིད་ཆགས་ཡིད་འོང་གི་རྫ་ཆུ་ཁ་ཞེས་པའི་རྒྱལ་སྤྱིའི་པར་ལེན་འགྲན་སྡུར་ཆེན་མོ་སྐབས་དང་པོའི་ཡོངས་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ཁུལ་བཅས་ཀྱི་རིམ་པ་ཁག་གི་རོགས་སྐྱོར་སྡེ་ཚན་གྱི་འབྲེལ་ཡོད་མགོ་ཁྲིད་དང་། ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། པར་ལེན་མཐུན་ཚོགས་ཀྱི་འཐུས་མི། འཕྲིན་སྦྱོར་གསར་འགོད་པ། དྲྭ་གྲགས་སོགས་མཉམ་དུ་འཛོམས་ནས་གཟུགས་བརྙན་འབྲེལ་ཐག་ཏུ་བྱེད་པ་དང་། མཐོ་སྒང་སྐྱེ་ཁམས་དང་མིའི་རིག་གནས་ཀྱི་མཐོང་ཚོར་གྱི་དོན་ཆེན་འདི་ཐུན་མོང་ཐོག་བདེན་དཔང་བྱས་ཡོད།
མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་མཚམས་སུ་གནས་པའི་སེར་ཤུལ་རྫོང་ནི་སི་ཁྲོན་ནུབ་རྒྱུད་ཀྱི་པར་ལེན་གྱི་རིན་ཐང་ཆེན་པོ་ལྡན་པའི“སྦས་ཡུལ”ཞིག་ཡིན་པར་མ་ཟད་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། སྐྱེ་ཁམས་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འཛོམས་ཡོད་པས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྒྱུའི་བང་མཛོད་ཅེས་པའི་མཚན་སྙན་ཐོབ་ཡོད། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་བརྗིད་ཆགས་ཡིད་འོང་གི་རང་བྱུང་སྐྱེ་ཁམས་ཀྱིས་སེར་ཤུལ་དེ་མཚོ་བོད་མཐོ་སྒང་གི་པར་ལེན་ཞིང་མཆོག་ཅིག་ཏུ་བསྒྱུར་ཡོད།
ད་ཐེངས་ཀྱི་འགྲན་སྡུར་ཆེན་མོ་ནི་ཁུལ་ཨུའི་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་གཙོ་དོན་ལག་ལེན་བྱེད་སྒོ་ཕྱོགས་ཡོངས་ནས་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པར་མ་ཟད། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་དུས་ཚིགས་རེར་གཙོ་དོན་རེ་དང་ཟླ་བ་རེ་ལ་བྱེད་སྒོ་རེ། དུས་དང་དུས་སུ་རོལ་མྱོང་རེ་ཡོད་པ་དང་། ལོ་ཧྲིལ་པོར་སྤྱིའི་འཆར་འགོད་ཁྱད་ཆོས་ལྡན་པའི་ངང་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་བ་ཞིག་ཀྱང་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་སྡུར་ཆེན་མོ་དེ་ཀྲུང་གོ་པར་ལེན་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བྱས་ཤིང་། སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཏེ་གོ་ལ་ཧྲིལ་པོའི་པར་ལེན་ཆེད་མཁས་པ་དང་པར་ལེན་ལ་དགའ་མོས་ཅན་ལ་ཁ་ཕྱོགས་ནས་བརྩམས་ཆོས་བསྡུ་རྒྱུ་ཡིན་པ་རེད། འགྲན་སྡུར་ཆེན་མོ་འདི་ལ་རིགས་གསུམ་བཀོད་སྒྲིག་བྱས་ཡོད་ལ་པར་ལེན་དུས་མཚམས་གསུམ་ལ་ཕྱེ་ཡོད་པ་སྟེ། གངས་རིའི་རྩྭ་ཐང་དང་འདམ་རའི་ཚེ་སྲོག། གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་སོགས་ཀྱི་བརྗོད་བྱར་དམིགས་ཏེ་གསར་རྩོམ་པར་དངོས་བྲིས་ཀྱི་ཟུར་ཚད་ཐོག་ནས་སྐྱེ་ཁམས་འཕོ་འགྱུར་ཟིན་ཐོ་འགོད་པ་དང་སྒྱུ་རྩལ་ལ་བརྟེན་ནས་རིག་གནས་ཀྱི་རྩ་བ་འགྲེལ་བཤད་རྒྱག་དགོས་པའི་སྐུལ་ལྕག་བྱས་པ་རེད།
འགྲན་སྡུར་ཆེན་མོའི་བྱ་དགའི་རྣམ་གྲངས་བཀོད་སྒྲིག་ཕུན་སུམ་ཚོགས་པར་བྱས་པ་དང་། བྱ་དགའི་རྣམ་གྲངས་མཐོ་ཤོས་ནི“ལོ་འཁོར་གསེར་གྱི་བརྙན་མིག་གྲུབ་འབྲས་བྱ་དགའ”ཡིན་ལ། བྱ་དགའི་དངུལ་སྒོར་ཁྲི10ཡོད། གཞན་ཡང་གསེར་དངུལ་ཟངས་གསུམ་གྱི་བྱ་དགའ་དང་། ཕུལ་བྱུང་བྱ་དགའ་དང་དེ་བཞིན་དྲ་བའི་མི་གཡང་བྱ་དགའ་སྣ་ཚོགས་བཙུགས་ནས་ཆེད་ལས་ཀྱི་མཐོ་ཚད་དང་མང་ཚོགས་ཞུགས་ཚད་གཉིས་ཀར་ལྟ་རྟོག་བྱས་ཡོད། བརྩམས་ཆོས་བསྐུར་ཡུལ་ད་ཆ་དངོས་སུ་འགོ་བཙུགས་ཡོད་ལ། དཔྱད་འདེམས་མཇུག་འགྲིལ་རྗེས་བརྩམས་ཆོས་ཕུལ་བྱུང་དག་སྦྲ་གུར་དུས་སྟོན་དུ་ཡུལ་དངོས་ནས་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། འདྲ་པར་བརྩམས་ཆོས་རིས་དེབ་པར་བསྐྲུན་དང་། སྐོར་སྐྱོད་འགྲེམ་སྟོན། དེ་བཞིན་སེར་ཤུལ་རྫོང་གི་ཨང་ཀི་མ་རྩའི་མཛོད་ནང་འཇུག་པ་སོགས་ཀྱི་རྣམ་པའི་ཐོག་ནས་འགྲེམ་སྟོན་དང་ཉར་ཚགས་བྱ་རྒྱུ་ཡིན་པ་རེད།
སེར་ཤུལ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ཆོས་སྒྲོན་གྱིས་སེར་ཤུལ་རྫོང་གིས་འགྲན་སྡུར་ཆེན་མོ་གཞི་རྟེན་དུ་བྱས་ཏེ་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་རྒྱུན་མཐུད་ངང་བཏོད་དེ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གདན་དྲངས་ཏེ་བརྙན་མིག་ལ་བརྟེན་ནས་མཐོ་སྒང་གི་ས་གཙང་ཆུ་གཙང་གི་ཞིང་ཁམས་འདི་ཡི་བརྗིད་ཆགས་ཡིད་འོང་གི་སྐྱེ་སྟོབས་ཐུན་མོང་མངོན་རྒྱུ་ཡིན་ཞེས་བཤད་པ་རེད།།
( ཨོ་རྒྱན་གྱིས་བྲིས། )
