国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མགྲོན་པོ་ཕྱི་གསལ་ ནང་གསལ།

དུས་ཀྱི་ལང་ཚོ་མིག་གི་དཔྱིད་དུ་ལྡེམ།།

རེ་བའི་ཉི་མདངས་འཚོ་བའི་རྟེན་དུ་འཚེར།།

ཐང་གི་འཇའ་འོད་འཛིན་པའི་བྱིས་བློ་ཅན།།

སྒྱུ་མའི་ཆང་གིས་བཟི་བའི་མགྲོན་པོ་ཡིན།།

ཆར་ཆུས་ས་གཞི་བརླན་པའི་ས་སྲོས་རེ།།

འབྲུག་སྒྲ་འུར་གྱིས་ལྡིར་བའི་ས་སྲོས་རེ།།

སྟོང་ཉིད་སྣང་བར་ཞེན་པའི་བྱིས་བློ་ཅན།།

སྤྲིན་འབྱུང་ཉམས་སུ་བསྟར་བའི་མགྲོན་པོ་ཡིན།།

ཕྱི་ཡི་མཛེས་དཔལ་སྙིང་གི་བུ་ལྟར་གཅེས།།

ནང་གི་བདེ་དྲོད་མ་ཚོར་ངལ་གྱིས་གཏམས།།

རྨི་ལམ་བདེན་པར་རློམ་པའི་བྱིས་བློ་ཅན།།

སྔོན་གྱི་བུ་ལོན་འདེད་པའི་མགྲོན་པོ་ཡིན།།

སྐྱིད་མ་སྡུག་གི་ཁངས་ཆར་ཡེར་བ་མེད།།

གཉིད་མ་སད་ཀྱི་རྟོག་འཆར་སད་དུས་མེད།།

ལངས་མ་འགྱེལ་གྱིས་གསོན་པའི་བྱིས་བློ་ཅན།།

འཁོར་བའི་སྙིགས་རྡུལ་འཐུ་བའི་མགྲོན་པོ་ཡིན།།

འཛུམ་སྒོ་གཏན་དུ་བརྒྱབ་པའི་མཚན་མོ་རེ།།

སྡུག་ཡུས་ཐོད་པར་དཔྱངས་བའི་མཚན་མོ་རེ།།

འདི་སྣང་ལས་ལ་སུན་པའི་བྱིས་སེམས་ཅན།།

སྙན་ངག་རོ་ཏོ་ཆགས་པའི་མགྲོན་པོ་ཡིན།།

ན་ཚོད་མེ་ཏོག་འདབ་ཁ་རྙིད་ཀྱིས་བཅུན།།

ཤེས་རབ་རལ་གྲིའི་སོ་ཁ་བཙའ་ཡིས་ཟིན།།

མིག་རྒྱང་ཐུང་བའི་རྨོངས་རྟུལ་བྱིས་བློ་ཅན།།

རང་སྣང་རླུང་ལ་བསྐུར་བའི་མགྲོན་པོ་ཡིན།།

ཚེ་ཡི་ས༵་ཁྱོན་མུན་པའི་གྲིབ་ཀྱིས་བཟུང་།།

ལོ་ཟླའི་ཆུ༵་ཐིགས་བཙགས་ཀྱང་སྙིང་པོས་སྟོང་།།

འདོད་ཡོན་མེ༵་ལྕེ་གཟུར་ཡང་བྲལ་ཐབས་དབེན།།

མདུན་ལམ་རླུང༵་ཁའི་སྡོང་ལོ་འབྲས་མེད་མཆོངས།།

༼ གངས་ཆབ་ལྷ་སྲས། ༽