ད་ལོར་ང་རང་སློབ་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། ལོ་འདིའི་དགུན་ཁར་ཨ་ཕྱིས་ནད་རྙིང་ཇེ་སྡུག་ཏུ་སོང་སྟེ་རྫོང་སྨན་ཁང་དུ་མི་འགྲོ་ཐབས་མེད་དུ་གྱུར། སྨན་ཁང་ནས་ཉིན་འགར་བསྡད་ཀྱང་ཇེ་སྡུག་ནས་ཇེ་སྡུག་ཡིན་པར་ཐོས་འཕྲད། ང་དང་ཕུ་བོ་གཉིས་ཀ་གློ་བུར་དུ་རྫོང་ཐོག་ལ་ཕྱིན་པ་ཡིན། ངེད་གཉིས་སྨན་ཁང་དུ་འབྱོར་རྗེས་ལྗིད་དུ་གེར་ཡོད་པའི་ནད་ཁྲིའི་གཡས་གཡོན་དུ་སྐྱོ་ཉམས་ཀྱིས་ཁེངས་པའི་ངོ་གདོང་དང་རེ་ཐག་ཆད་པའི་ཨམ་གཙིགས་ཀྱི་མཆི་མ་ཞིག་མིག་ཟུང་མཐའ་ལ་མངོན་མེད་ངང་འཁྱིལ་བའི་ཨ་ཞང་སོགས་ཨ་ཕྱིའི་འགྲམ་དུ་ཁུ་སིམ་མེར་གནས་འདུག ལྗིད་ཏིག་གེར་ཡོད་པའི་ནད་ཁྲིའི་སྟེང་ན་ཨ་ཕྱི་དམར་སྨུག་གི་ཉལ་ཐལ་ཞིག་གི་འོག་ཏུ་ད་དུང་ཡང་སྨན་ཁང་གི་ཉལ་ཐལ་སྔོན་པོ་ཞིག་བཞག་ནས་དེར་ཁེན་སར་བྱས་ཏེ་སྐྱ་མདོག་ཏུ་གྱུར་པའི་ཞྭ་མོ་ཞིག་མིག་ཁར་བཀབ་ནས་ཤ་བྲུན་པའི་གཡས་ལག་གིས་ཕྲེང་བ་འདེད་ཙམ་འདེད་ཙམ་བྱས་བཞིན་འདུག། ངེད་གཉིས་ཉེ་བར་བཅར་ནས་ཨ་ཕྱི་ཞེས་བོས་པ་ན་མིག་ཁར་བཀབ་པའི་ཞྭ་མོ་ཡར་བཅགས་ནས་མིག་ཟུང་ལྷེམ་ལྷེམ་ངང་ངེད་གཉིས་ལ་ཧ་ཅང་ཞིབ་ལྟ་གསལ་པོ་ཞིག་བྱས་ཏེ་ཅུང་ཤེས་སྣང་གིས་སྐད་ཆ་སྟབས་བདེ་ཞིག་བཤད་ནས་སླར་ཡང་དེ་ལྟར་བསྡད། རིམ་གྱིས་ཉིན་ཞག་རེ་རེ་ང་ཚོས་རེས་མོས་བྱས་ནས་སྨན་ཁང་ནང་དུ་བསྡད་པ་ཡིན། དེ་ནས་ཉི་མ་རེ་རེ་ཨ་ཕྱི་ཅུང་ཇེ་བཟང་དུ་འགྲོ་བཞིན་པ་འདྲ། སྨན་པས་ཀྱང་དེ་ལྟར་ལབ་སོང་། ངེད་ཅག་གིས་ཀྱང་ད་ཐེངས་ཀྱི་འགག་སྒོ་འདི་ནས་ཐར་སོང་བར་བསམས་ཏེ་ཅུང་སེམས་བདེ་ལ་བབས་ནས་ང་ཚོ་འགའ་ཤས་ཤིག་ཕྱིར་ཡུལ་དུ་འགྲོ་བར་སྟ་གོན་བྱས་པ་ཡིན། ཡིན་ནའང་། གློ་བུར་བ་ཞིག་ལ། ཕྱི་རོལ་ན་གྲང་རླུང་ལྡང་བའི་ཞོགས་པ་ཞིག་ལ་ང་ཚོའི་རྣ་བར་ཡང་གཏམ་ངན་གྲང་རླུང་ལྟ་བུ་ཞིག་ཐོས་ཏེ་མགྱོགས་མྱུར་ངང་སྨན་ཁང་དུ་ཕྱིན་པ་ཡིན། དེ་ནི་ཨ་ཕྱིའི་ནད་རྙིང་ཇེ་སྡུག་སོང་བ་དེ་རེད། ཉིན་དེར་ཨ་ཕྱིས་ཟས་ཐུན་གཅིག་ཀྱང་ཟ་འདོད་མེད་ཀྱང་། ནད་རྙིང་དེ་ཡང་ཡང་འཕར་རྐྱེན་ལུས་ཟུང་ཟད་ནས་སྒོ་ཕྱིའང་མི་ཆོད་པར་གྱུར། དགོང་མོའི་དུས་ཚོད་གཅིག་པར་མ་སླེབས་པའི་སྐབས་སུ་ཕུ་བོ་དང་ངེད་གཉིས་ཀྱིས་ཨ་ཕྱི་ལ་ཞོ་དཀར་ཡོལ་གང་འཐུང་དུ་བཅུག་ཏེ་ངལ་གསོ་བྱེད་པར་འཇུག་བསམ་པ་ན། ཨ་ཕྱིས་དབུགས་ཀྱི་རྒྱུ་བ་རིང་འཐེན་འགའ་བྱས་ནས་དབུགས་ཀྱི་རྒྱུ་བ་ཆད། ཉམ་ཐག་པའི་ངོ་གདོང་གི་བཞིན་ཤའང་དཀར་པོ་དཀར་རྐྱང་གྱུར་ཏེ་གློ་རྡེག་ཏུ་གཞི་ནས་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང་བ་རེད། ཧ་ཅང་སྙིང་ཉེ་ཞིང་ཉམ་ཐག་པའི་ཨ་ཕྱི་ང་ཚོའི་མདུན་ནས་གཅིག་པོ་འཇིག་རྟེན་འདིའི་དཀར་ངོགས་དང་བྲལ་བ་ནི་ཆེས་བཟོད་དཀའ་བ་དང་དང་ལེན་བྱེད་དཀའ་བ་ཞིག་རེད་ཨང་། ལྷག་པར་ངའི་མིག་མདུན་ནས་འདི་ལྟར་མི་ཞིག་འཇིག་རྟེན་གྱི་དཀར་ངོགས་ནས་བྲལ་བ་ཆེས་ཐོག་མ་དེ་ཡིན། འོན་ཏེ། དུས་ཚོད་ཀྱི་གདམས་ཀ་དང་འཆི་བདག་གི་དྲུང་དུ་མི་ནི་ཆེས་ཉམ་ཆུང་ཞིང་ནུས་མེད་ཅིག་རེད་ཨང་། ཡིན་ནའང་། འདི་ནི་འཁོར་བའི་ཆོས་ཉིད་དང་གཏན་ཚིགས། ཡང་ན་སུས་ཀྱང་བསྒྱུར་བར་མི་ནུས་པའི་ལས་ཀྱི་བཀོད་པ་རེད་ཅེས་ང་ཚོས་འདི་ལྟ་བུའི་འུ་ཐུག་ངང་རང་སེམས་མི་གསོ་ཐབས་མེད་དུ་གྱུར་བ་རེད།
ཕྱི་ཉིན་སྔ་དྲོ་ང་ཚོས་སྨན་ཁང་ནང་གི་འགྲོ་ལུགས་བསྒྲུབས་རྗེས་ཅ་ལག་ཡོད་དོ་ཅོག་བསྡུ་གཅོགས་བྱས་ཏེ་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། སྒོ་འགྲམ་དུ་འབྱོར་མ་ཐག་ཡིག་དྲུག་གི་དབྱངས་རྟ་ཞིག་ཧ་ཅང་ཞི་འཇམ་དང་བག་ལྷོད་ངང་རླུང་བའི་རྒྱུ་ཕྱོགས་དང་བསྡོངས་ཏེ་ང་ཚོའི་ཐོས་འཛིན་གྱི་བུ་གར་རྒྱུད་ཡོང་དུས། ང་ལ་རྨ་ཁའི་སྟེང་ཚྭ་བཏབ་ལྟ་བུའི་ན་ཟུག་ཅིག་ཡང་བསྐྱར་སེམས་ངོགས་སུ་འགོག་མེད་ངང་སྐྱེས། ཕར་བལྟས་ན་ཁང་མིག་ཆུང་ངུ་ཞིག་གི་ནང་དུ་སྒྲོན་མེ་མང་པོ་ཞིག་ཉིན་མཚན་དབྱེར་མེད་དུ་འོད་ཆེམ་ཆེམ་དུ་ཧ་ཅང་ཉམ་ཆུང་ངང་རླུང་བུའི་རྒྱུ་ཕྱོགས་དང་བསྡོངས་ནས་མེ་ལྕེ་ལྷེམ་ལྷེམ་འགུལ་བ་ནི་ཨ་ཕྱི་དང་འདྲ་བའི་འཇིན་རྟེན་འདིའི་དཀར་ངོགས་ནས་བྲལ་སོང་བའི་འདས་པོ་མང་པོ་ཞིག་ལ་སྙིང་རྗེ་བའི་ཚུལ་དུ་སྐྱོ་སྣང་གི་མགོ་བོ་ཕྲེད་དུ་གཡུགས་པ་དང་འདྲ། ང་ཚོས་ཞག་སྣེ་ཉིན་ལ་མཐུད་དེ་ཞག་མ་རེ་རེ་དང་བདུན་ཚིགས་རེ་རེ་ཧ་ཅང་བྲེལ་ཟིང་ངང་ནས་ཕར་འདས་པ་རེད། སྡུག་ལ་རྙིང་རྒྱུ་་་་ཞེས་པའི་དཔེ་ལྟར་མིག་རྡེབ་དབང་ཙམ་གྱི་ལོ་གཅིག་ཕར་འདས་སོང་། ཡིན་ནའང་། དྲན་ངོགས་སུ་ཆེས་བསུབ་ཐབས་མེད་པ་ནི་ངའི་མིག་མདུན་ནས་ཨ་ཕྱི་བྲལ་ཁ་མའི་སྣང་བརྙན་དེ་རེད། དེ་དང་བསྡོངས་ནས་ང་ལ་བརྗོད་པར་དཀའ་བའི་སེམས་གཅོང་ཞིག་ད་དུང་ཡང་བཅོས་མིན་དུ་སྐྱེས་ཡོང་།།
༼ ཨ་ནུ་དད་ཞེན། ༽
