དཀར་འཇམ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ།།
འབབ་པའི་བས་མཐའ་འདི་ཡི་གྲོང་ཚོ་ནས།།
ཁྲེལ་གཞུང་ཕྱི་ཐག་ཅན་གྱི་བུ་མོ་ཁྱོད།།
དམར་ཆུང་སྙིང་གི་དབུས་སུ་ཡང་ཡང་ལྡང་།།
ཁྱོད་ནི་མཁའ་ཡི་ཉི་གཞོན་སེར་པོ་སྟེ།།
བདག་གི་མུན་པའི་འཇིག་རྟེན་གསལ་བར་བྱས།།
ཁྱོད་ནི་དགུང་གི་ཟླ་བ་དཀར་པོ་སྟེ།།
བདག་ནི་མཚན་ལྗོངས་མཛེས་པའི་རྒྱན་དུ་བཀོད།།
འདི་ན་ཁྱོད་རང་དྲན་པའི་མི་རྐྱང་གིས།།
ངག་གི་འདབ་མ་འཐུ་བཞིན་རྒྱང་རིང་ནས།།
འབོད་པའི་ཀི་བསྭོ་ཚོད་མེད་བསྒྲགས་པ་ཡང་།།
ཁྱོད་ཀྱིས་ལན་ཅིག་ཐོས་པས་ཡིད་ཀྱང་ཚིམ།།
དོ་ནུབ་ཟླ་འོད་མེད་པའི་མུན་ནག་ཁྲོད།།
ངས་ནི་ཁེར་རྐྱང་མལ་ཁྲིའི་གཡས་ཟུར་ནས།།
གཉིད་མ་སད་ཀྱི་བར་ནས་ཁྱོད་ཉིད་ཀྱང་།།
དྲན་པའི་སྣང་བ་འགོག་ཐབས་མ་བྱུང་ལགས།།
ཀྭ་ཡེ་རྒྱང་ན་གནས་པའི་མཛའ་གཅུགས་ཁྱོད།།
མི་རིང་བདག་དང་འཕྲད་པའི་སྨོན་འདུན་བཅས།།
སྙིང་གི་གཏམ་ཞིག་གླེང་ཁུལ་བྱེད་པ་འདི།།
མ་བཅོས་ཁོལ་དུ་ཕྱུང་བ་ཤ་སྟག་གོ།།
ཁེར་སྐྱེས་སྙིང་ལ་ཉེ་བའི་མེ་ཏོག་སྟེ།།
ང་ཡི་བློ་སེམས་བཅོལ་སའི་ན་ཆུང་མ།།
འུ་གཉིས་སྐྱིད་སྡུག་གང་ལ་འཕྲད་ན་ཡང་།།
མཉམ་དུ་གདོང་ལེན་བྱེད་པའི་དམ་བཅའ་འཇོག།
༼ ཁམས་ཟླ་སྲས། ༽
