国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུལ་སྡེ་དར་རྒྱས་ཀྱི་སྣེ་ཁྲིད་པ།

ཕ་ཡུལ་དུ་ལོག་པའི་གཞོན་ནུ་མ་ཨོ་རྒྱན་ལྷ་མོས་ཡུལ་སྡེ་དར་རྒྱས་ཀྱི་ལེ་ཚན་གསར་པ་འབྲི་ཚུལ་སྐོར་བཀོད་པ།

ལི་ཐང་ཞེས་པ་ནི་ལི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཐང་ཆེན་ནམ་ལིའི་མེ་ལོང་དང་མཚུངས་པའི་ཐང་ཆེན་དེ་ལ་ཟེར་ཞིང་། ལི་ཆུ་ནི་ཉག་ཆུའི་ཆུ་ལག་སྟེ་མུ་ལི་རང་སྐྱོང་རྫོང་ནས་ཉག་ཆུར་འབབ། ལི་ཐང་འབུམ་ར་ཞེས་པའི་རི་བོ་གྲགས་ཅན་དང་། འབུམ་གཡག་ཐང་། མདོ་སྡེ་ཐང་སོགས་མིང་གྲགས་ཆེ་བའི་ཐང་ཆེན་དང་། ཤར་ན་བྲག་དཀར་གནས་རི་དང་། ལྷོ་ན་སོག་དུང་གནམ་ལྕགས་ཕྲ་མོ། ནུབ་ན་དགེ་བསྙེན་གནས་རི། བྱང་ན་རྨ་ཆེན་འབུམ་ར་སོགས་ཀྱིས་བསྐོར་ནས་ཡོད།

ལི་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་མཚོ་འཕགས་སྨི4014ལྷག་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14352ཡོད་ཅིང་། རྫོང་སྲིད་གཞུང་མཐོ་གྲོང་གྲོང་རྡལ་དུ་ཆགས་ཡོད། རྒྱུན་སྡོད་མི་གྲངས་ཁྲི་བདུན་ལྷག་ཡོད་ཅིང་བོད་རིགས་གཙོ་བོ་ཡིན་ལ། རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོ་དང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་འཁྲུངས་ཡུལ་ཡང་ཡིན། ལི་ཐང་རྫོང་ལ་སྐྱ་རྩལ་གྱི་ཕ་ས་དང་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་ཕ་ས། གེ་སར་གྱི་མི་རྒྱུད་དར་ས། རྟ་ཐོག་གི་མི་རིགས། ཁམས་པའི་ཕོ་རྒོད་འདུ་གནས་བཅས་ཀྱི་མཚན་སྙན་ཡོད།

ལི་ཐང་ལ་ད་དུང་མཆོད་རྟེན་དཀར་པོའི་སྤྱི་གླིང་། བྲག་དཀར་གནས་རི། གེ་མོའི་རང་བྱུང་སྲུང་སྐྱོང་ཁུལ་དང་མཚོ་ལའི་རང་བྱུང་མཛེས་ལྗོངས་ཁུལ། འབུམ་གཡག་རྩྭ་ཐང་ཆེན་མོ་དང་འབུམ་གཡག་རང་བྱུང་ཆུ་ཚན། ལི་ཐང་ལྷ་མོའི་ཟློས་གར། ལི་ཐང་པར་ཁང་། དགེ་བསྙེན་གནའ་སྤོས་བཟོ་རྩལ། སྐོར་བྲོ་དང་ལ་གཞས་ཕུན་སུམ་ཚོགས་པའི་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཡོད་པ་རེད།

འདི་ལྟ་བུའི་ས་གནས་ཁྱད་པར་ཅན་ནས་མིང་ལ་ཨོ་རྒྱན་ལྷ་མོ་ཟེར་བའི་གཞོན་ནུ་མ་ཞིག་གིས་ལང་ཚོའི་མཛེས་སྡུག་དང་བློ་གྲོས་ཀྱི་ཐབས་རྩལ་ལ་བརྟེན་ནས་ཕ་ཡུལ་གྱི་ཡུལ་སྡེ་དར་རྒྱས་ལ་སྒུལ་ནུས་གསར་པ་སྣོན་བཞིན་ཡོད། མོ་ནི་ལི་ཐང་རྫོང་དགེ་བསྙེན་གྲོང་རྡལ་ཡུལ་དབྲ་རྐེད་གྲོང་སྡེའི་སློབ་ཆེན་སློབ་མ་ཞིག་ཡིན་ལ། སློབ་ཆེན་ནས་སློབ་ཐོན་བྱུང་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལམ་ལ་ཞུགས་མཁན་ཞིག་ཀྱང་ཡིན། མོ་ནི་འདར་དབྱངས་ལས་སྟེགས་སྟེང་གི“ཨ་ཅེ་ལྷ་མོ་ཡིན”པར་མ་ཟད། ལི་ཐང་རྫོང་གི“སྡེ་བ་གཅིག་ལ་གཙོ་སྒྲོག་པ་གཅིག”གི་གློག་རྡུལ་ཚོང་དོན་མཛུབ་ཁྲིད་པ་ཡང་ཡིན། 2023ལོར་མོས་འཕྲིན་སྦྱོར་གསར་པར་ཞུགས་ནས་ཞིང་པར་རོགས་རམ་བྱས་ཚུན་དུ། འདར་དབྱངས་དང་གཟུགས་ལམ་དུ་རིམ་རྩིས་བྱས་ན་ཞེན་མི་ཁྲི10ལས་བརྒལ་ཞིང་། ཞིང་པ་ཁྱིམ་ཚང་བརྒྱ་ལྷག་ཙམ་ལ་ཞབས་འདེགས་ཞུས་པས“ཞིང་པར་རོགས་སྐྱོར་བཟང་པོ་བྱེད་པའི་ཐོན་རྫས་ཕྱིར་འཚོང་མཁན”ཞེས་པར་བདམས་ཐོན་བྱུང་བ་དང་། ཐེངས་དུ་མར་གློག་རྡུལ་ཚོང་དོན་གསོ་སྦྱོང་གི“ཕུལ་བྱུང་སློབ་མའི”མཚན་སྙན་ཐོབ། ཡུལ་མི་ཚོས་ཡིད་ཆེས་བློས་འགེལ་ཆོག་པའི“ཚོང་ཟོག་ཚབ་འཚོང་པ”ཞིག་ཏུ་གྱུར་ཡོད།

ལི་ཐང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཨོ་རྒྱན་ལྷ་མོས་ཕ་ཡུལ་གྱི་ཁྱད་ཆོས་ཐོན་རྫས་རྩ་ཆེན་ཡིན་པ་གསལ་པོར་ཤེས་བཞིན་ཡོད་ལ། མཐོ་བའི་རི་སྒང་དུ་སྐྱེས་ཤིང་གསོ་བཅུད་ལྡན་པའི་དབྱར་རྩྭ་དགུན་འབུ་དང་རྫོབ་པའི་ནགས་ཀློང་དུ་སྐྱེས་པའི་བེ་ཤྭ། ལྷ་གཞས་ཡུལ་ཤོག་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་བོད་སྤོས། ནས་ཀྱི་ཐོན་རྫས་སོགས་རང་ས་རང་ཡུལ་ནས་བྱུང་བའི་རང་བྱུང་ལྷད་མེད་ཀྱི་ཐོན་རྫས་འདི་དག་ནི་དེ་སྔོན་ས་གནས་རང་ཙམ་ལས་ཕྱི་རོལ་དུ་བསྐྱལ་ཐུབ་མེད་ལ། གལ་ཏེ་ཁྱད་ཆོས་ཐོན་རྫས་འདི་ཚོ་ནང་ལོགས་ས་ཁུལ་སོགས་ཀྱི་མི་ལ་མཁོ་འདོན་བྱེད་ཐུབ་ཚེ་གཅིག་ན་རང་ཡུལ་གྱི་ཐོན་རྫས་འདི་ཚོའི་གོ་ཆོད་པ་དང་གཉིས་ན་མི་སེར་ཚོར་ཡོང་སྒོ་རྙེད་ཐུབ་རྒྱུ་ཡིན་པའི་ངེས་ཤེས་དེ་མོའི་རྒྱུད་ལ་འཁོར་བས། མོས་ཐོན་རྫས་འདི་དག་གི་འབྱུང་ཡུལ་སྔོག་འདོན་དང་སྐྱེ་ཁམས་སྲུང་སྐྱོང་གི་ལས་ཀ་གཙོ་བོར་བྱས་ཤིང་། ཐད་གཏོང་ཁང་དང་ཞིང་དུད། མཉམ་ལས་ཁང་བཅས་མཉམ་འབྲེལ་གྱི་རྣམ་པའི་ཐོག་ནས་ཐོན་རྫས་ཕྱིར་འཚོང་གི་ལས་ཀ་གསར་དུ་བཏོད་ནས་ལི་ཐང་གི་ཁྱད་ཆོས་ཐོན་རྫས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་འཛད་སྤྱོད་པའི་ལག་ཏུ་ཐད་ཀར་འབྱོར་ཐབས་བྱས་པ་རེད།

མོས་ཐད་གཏོང་ནས་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་བྱེད་སྐབས་ཕྱི་ལོགས་ཀྱི་འཛད་སྤྱོད་པར་དབྱར་རྩྭ་དགུན་འབུ་དག་རྫུན་གྱི་དབྱེ་བ་འབྱེད་ལུགས་དང་ཕན་ནུས། ཉར་ཚགས་བྱེད་ཐབས་སོགས་ངོ་སྤྲོད་རྒྱས་པ་བྱས་པས་འཛད་སྤྱོད་པས་མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་འདི་ལ་ངོས་འཛིན་གཞན་ཞིག་ཐོབ་ནས་མཐོང་ལྷག་ཏུ་ཆེ་བར་གྱུར་ཞིང་། 2025ལོར་དབྱར་རྩྭ་དགུ་འབུ་རྐྱང་པ་ཕྱིར་འཚོང་གི་ཡོང་སྒོ་དངུལ་སྒོ་ཁྲི20ལ་ཟིན་ཞིང་། གཞི་ཁྱོན་དེ་འདྲ་ཆེན་མོ་མེད་ནའང་ཡུལ་མི་དག་ལ་གློག་རྡུལ་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་ཚོར་དུ་བཅུག་ཡོད། དབྱར་སྨད་དང་སྟོན་འགོའི་དུས་ཚིགས་སུ་བེ་ཤྭ་སོགས་ཤྭ་མོའི་རིགས་འཐུ་བའི་དུས་ཚིགས་སླེབས་སྐབས། མོས་སླར་ཡང་ཐད་གཏོང་ལམ་ནས་འཛད་སྤྱོད་པར་ཤྭ་མོའི་རིགས་ཀྱི་ཕན་ནུས་དང་ཉར་ཚགས་བྱེད་ལུགས་སོགས་ངོ་སྤྲོད་རྒྱ་ཞིང་རྒྱས་པ་བྱས་ཤིང་། ཡུལ་མིས་བཏུས་པའི་ཤྭ་མོ་དག་ཐུམ་བརྒྱབ་ཅིང་འཛད་སྤྱོད་པར་བསྐུར་སོགས་ཀྱི་ལས་ཀར་རྩེ་གཅིག་ཏུ་གཞོལ་བས་འཛད་སྤྱོད་པས་དགའ་བསུ་ཚད་མེད་ཐོབ་པར་མ་ཟད་ཤྭ་མོ་ཕྱིར་འཚོང་གི་ཚོང་ལམ་ཧ་ཅང་བྲིན་པར་གྱུར། མོས་ལྷ་གཞས་ཡུལ་ཤོག་གི་མཉམ་ལས་ཁང་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་འགྲེམ་སྟོན་ཇུས་འགོད་བྱས་ཤིང་། བོད་སྤོས་བཟོ་བའི་བརྒྱུད་རིམ་ཧྲིལ་པོ་འགྲེམ་སྟོན་བྱས་པ་དང་འབྲེལ་ཐུམ་སྒྲིལ་གྱི་ཕྱི་ཐུམ་རྒྱུ་སྤུས་ལེགས་སུ་བཏང་བ་དང་། འཚོང་ཡུལ་གདམ་གསེས་དང་ཐད་གཏོང་སྐད་ཆའི་སྒྱུ་རྩལ་དང་ཐབས་ལམ་སོགས་ལ་སྦྱོང་བརྡར་དཔྱིས་ཕྱིན་པ་བྱས་པ་དང་། འཛད་སྤྱོད་པར་བོད་སྤོས་ཀྱི་དགེ་མཚན་ངོ་སྤྲོད་བྱས་པས་ལྷ་གཞས་ཡུལ་ཤོག་གི་གཟུགས་མེད་རིག་གནས་ཤུལ་བཞག་བོད་སྤོས་དེ་རྒྱ་ཆེ་བའི་ཁྲོམ་རའི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་བས་བོད་སྤོས་ཕྱིར་འཚོང་གི་ཁ་གྲངས་ལྡབ་མང་པོ་མཐོ་རུ་ཕྱིན་པས་ཡུལ་མིའི་ཡོང་སྒོ་ལྡབ་འགྱུར་གྱིས་བཟང་དུ་ཕྱིན།

ཨོ་རྒྱན་ལྷ་མོས་གློག་རྡུལ་ཚོང་དོན་མཛུབ་ཁྲིད་པ་ཞིག་ཡིན་པའི་ངོས་ཐད་ནས། གྲོང་མིའི་གློག་རྡུལ་ཚོང་དོན་རྩལ་ནུས་ཀྱི་ཞན་ཆར་དམིགས་ནས་ཡུལ་ཤོག་དང་གྲོང་རྡལ2དང་སྲིད་འཛིན་གྲོང་ཚོ17ལ་སྤྱི་ཕན་གསོ་སྦྱོང་སྤེལ་ནས་རྨང་གཞིའི་གཉེར་སྐྱོང་དང་ཐོན་རྫས་ཁྱབ་གདལ་གཏོང་སྟངས་མཛུབ་ཁྲིད་བྱས། གཞོན་ནུ་མི་ཉུང་བ་ཞིག་ངོ་ཚ་ཆུང་བ་དང་འཚེར་སྣང་ཡོད་པ་དེ་དག་གསོ་སྦྱོང་ཕུན་སུམ་ཚོགས་པ་བྱས་པས་གཞོན་ནུ་དེ་ཚོ་སྤོབས་པ་ཆེ་རུ་བསྒྱུར་ནས་ཐད་གཏོང་བྱང་ཆུབ་པར་གྱུར་ཞིང་སོ་སོས་རང་རྐང་གིས་ཐད་གཏོང་ལམ་ནས་ཚོང་རྒྱག་ཐུབ་མཁན་དུ་གྱུར།

མོའི་ཞིང་པ་ལ་རོགས་རམ་བྱེད་པའི་ལམ་ནི་ཚོང་ཟོག་བཙོང་བ་ཙམ་གྱིས་མ་ཚད་པར། བརྙན་མིག་བརྒྱུད་ནས་མཐོ་སྒང་གི་མཛེས་ལྗོངས་དང་ཁྱད་ཆོས་ཐོན་རྫས་རྒྱབ་ལོགས་ཀྱི་གཏམ་རྒྱུད་དག་ཟིན་ཐོར་བཀོད་ཡོད་དེ། 《དབྱར་རྩྭ་དགུན་འབུ་འཐུ་བའི་ཟིན་ཐོ་སྟེ། གངས་རིའི་འདབས་ཀྱི་ལེགས་སྐྱེས་འབུལ་བ》དང《ལྷ་གཞས་ཡུལ་ཤོག་གཟུགས་མེད་རིག་གནས་ཤུལ་བཞག་གི་བོད་སྤོས་བརྒྱུད་འཛིན་པ》སོགས་ཀྱི་བརྙན་ཐུང་མང་པོ་ཕབ་ལེན་བྱས་ནས་དྲྭ་ལམ་དུ་བཏང་བས་བལྟས་གྲངས་ཁྲི་སྟོང་ལ་ཟིན་པས། ལི་ཐང་གི་ཁྱད་ཆོས་ཐོན་རྫས་ཀྱི་ཆེད་གཏོགས་མིང་བྱང་རིམ་བཞིན་ཆགས་ནས་གློག་རྡུལ་ཚོང་དོན་དང་རིག་གནས་ཡུལ་སྐོར། ཁྱད་ཆོས་ཐོན་རྫས་ཀྱི་ཕྱོགས་གཉིས་ཀྱི་ནུས་པ་མངོན་འགྱུར་བྱུང་སྟེ་མི་དེ་བས་མང་པོས་ལི་ཐང་ལ་ངོས་འཛིན་གསལ་པོར་ཐུབ་པར་གྱུར།

འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས། ཨོ་རྒྱན་ལྷ་མོས་འདི་ལྟར་བཤད། ཁྱད་ཆོས་ཐོན་རྫས་ཚོང་ར་ཆུང་གྲས་གསར་གཏོད་བྱ་རྒྱུར་ལུས་པ་དང་། ཐོན་རྫས་ལ་བཟོ་སྣོན་ཞིབ་ཚགས་བྱེད་ཤུགས་ཞན་པ། ས་གནས་རང་གི་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་སྡོད་མི་ཚུགས་པ་སོགས་ཀྱི་འགྲན་སློང་གི་མདུན་དུ། ངས་དབྱར་རྩྭ་དགུན་འབུ་དང་བོད་སྤོས་སོགས་བཟོ་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ་དང་ལྷ་གཞས་ཡུལ་ཤོག་གི་གྲུབ་འབྲས་ཐོབ་པའི་དཔེ་དབྱིབས་གསལ་པོར་བཟོས་ནས། གློག་རྡུལ་ཚོང་དོན་གྱི་དཔེ་སྟོན་ལས་གཞི་སྔར་ལས་མང་བ་བསྐྲུན་དགོས། མཉམ་འབྲེལ་སྲིད་གཞུང་གིས་རོགས་སྐྱོར་སྲིད་ཇུས་བཏོན་ནས་ས་གནས་རང་གི་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་གཞོན་ནུ་སྔར་ལས་མང་བ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་པར་སྐུལ་མ་ལ་འབད་བཞིན་ཡོད་ཟེར། མོས་མ་འོངས་པར་ངས་མུ་མཐུད་དེ་ལང་ཚོ་སྙིང་སྟོབས་དང་ལྡན་པ། དངོས་སྒྲུབ་འགན་འཁྲི་དང་ལྡན་པའི་སྒོ་ནས་མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་ཁྱབ་གདལ་གཏོང་མཁན་དང་གློག་རྡུལ་ཚོང་དོན་རྩལ་ནུས་ཁྱབ་སྤེལ་བྱེད་མཁན། ཡུལ་སྡེ་དར་རྒྱས་ལག་ལེན་པ་བཅས་ཡག་པོ་ཞིག་བྱ་རྒྱུ་ཡིན་ལ། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ཏེ་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་མཁན་ཞིག་བྱ་རྒྱུ་ཡིན་ཟེར།།

( གསར་འགོད་པ། ཨོ་རྒྱན་དོན་གྲུབ།)