国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀའི་རླུང་ བུ་འཇམ་པོ།

དཔྱིད་ཀ་བཞད་སོང་ཁ་བ་སིབ་སིབ་བབས། །

གངས་ཆར་འདྲེས་མས་ས་ཆེན་མཛེས་པར་བྱས། །

དཔྱིད་ཀའི་དཔལ་ཡོན་སྒུག་པའི་གཞོན་ནུ་ལ། །

སྙན་ངག་དབྱངས་ཀྱི་མེ་ཏོག་གསར་པ་བཞད། །

གསར་འཁྲུངས་ལྗོན་པའི་རྩེ་ནས་མེ་ཏོག་འཛུམ། །

དཔྱིད་དཔལ་གནས་འདིར་ཕེབས་པའི་བརྡ་ཞིག་ཐོས། །

སེམས་ཀྱི་བག་ཆགས་ཟབ་སའི་དུས་ཚིགས་འདིའི། །

མཛེས་སྡུག་རོལ་མྱོང་བྱོས་དང་ན་གཞོན་པ། །

དཔྱིད་ཀྱི་རླུང་བུས་ནང་སེམས་མཚོན་པ་ཡིན། །

བདེ་སྡུག་ངག་ལ་གྱེར་བའི་མགྲིན་ཚབ་ཡིན། །

བརྩེ་བའི་མགུལ་རྒྱན་བཏགས་པའི་གཞོན་ནུ་སྟེ། །

འཇིག་རྟེན་མཛེས་པའི་སྙིང་པོ་དཔྱིད་ཀ་ཡིན། །

མཐོང་བའི་ཡིད་འཕྲོག་སྨན་ཆུང་གཞོན་ནུ་མའི། །

ལང་ཚོར་འགྲན་ཟླ་བྱེད་མཁན་དཔྱིད་ཀ་ཡིན། །

ཚངས་དབྱངས་བུ་མོ་སྙན་པའི་སྒེག་ལྡན་མའི། །

མགྲིན་པའི་དབྱངས་ལ་ཟུར་ཟ་བྱེད་མཁན་ཡིན། །

དཔྱིད་ཀའི་དུས་འདིར་གཞོན་ནུའི་ལང་ཚོ་སྨིན། །

ལན་བུ་ནག་པོ་རླུང་བུས་སྒུལ་དུས་ཡིན། །

འདོད་པའི་སྣང་བ་རྡོལ་བའི་དུས་ཤིག་ཡིན། །

འཁོར་བའི་ནང་གི་མཛེས་པའི་མཛེས་པ་ཡིན། །

རླུང་བུས་བདས་པའི་སྤྲིན་གྱི་འདུ་འགོད་གན། །

ནམ་ཟླ་གཞན་ཞིག་བསླུ་བའི་སྔོན་འགྲོ་རེད། །

མཛེས་སྡུག་སྔོ་ལྗང་བཀྲ་བའི་སྟ་གོན་རེད། །

ཡར་ལ་གཟིགས་དང་རིག་མཐུན་གཞོན་ནུ་ཚོ། །

སྨུག་རླངས་སྐྱ་བོས་མཐོན་པོའི་རི་རྩེ་གཡོགས། །

རླུང་བུ་འཇམ་པོ་འགྲམ་པའི་སྟེང་ནས་ལྡང་། །

སྣ་ཚོགས་མཛེས་སྡུག་བསུ་བའི་གྲ་སྒྲིག་གིས། །

དཔྱིད་ཀའི་དཔལ་ཡོན་མཛེས་སྡུག་འདི་ནས་འཚེར། །

མཚོ་མོའི་དར་ཁ་མཐུག་པོ་འདི་ནས་ཕྱེས། །

ས་ཆེན་འཁྱག་གིས་བསྡམས་པ་ངང་གིས་ལྷོད། །

འཇིག་རྟེན་འདི་རུ་དྲོད་ཁོལ་འཁྱིལ་བ་ཡིས། །

དཔྱིད་ཀ་སེམས་སུ་གནས་པ་དེ་གས་ཡིན། །

གསེར་མདོག་ས་གཞི་ལྗང་མདོག་འགྱུར་ལ་ཉེ། །

མཐིང་མདོག་དབྱིངས་ནས་ཁུ་འཕང་ཉུང་ཙམ་གྱིས། །

མཛེས་སྡུག་གཞན་ཞིག་བསྐྲུན་པའི་དཔལ་ཡོན་ལ། །

སྐུལ་མ་ཡང་ཡང་གནང་བའི་དུས་ཤིག་བསླེབས། །

ཆུ་བོ་ཤག་ཤག་བཞུར་སྒྲ་རྣ་བར་སྙན། །

ཕུན་ཚོགས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ཡིས། །

རྟོག་བཏགས་ཡིད་ཀྱི་སྒོ་མོ་དལ་གྱིས་ཕྱེས། །

ཚོར་བའི་ཟླ་འོད་ཤར་རིའི་རྩེ་ནས་ཚེས། །

༼ རྫ་ཤུལ་བློ་བཟང་། ༽