དྲོ་གྲང་མཉམ་པའི་དུས་ཚོད་ཀྱི་གཞུང་དུ།།
འཚོ་བའི་གཞིས་ཀ་སེམས་ཚོར་ལ་འདྲེས་ན།།
ཡིད་འོང་ཀློང་གི་འཆར་ཡན་གྱི་མཛེས་པ།།
དཔྱིད་ཀྱི་ཟླ་བས་ལེགས་སྐྱེས་སུ་གནང་ཡོད།།
ཁ་བའི་འདབ་མ་ཐར་ཐོར་དུ་གཏོར་ཡང་།།
དགུན་དུས་ལྟ་བུ་འཁྱག་སྣང་ཞིག་མེད་དེ།།
ཁ་ཆར་སིལ་མའི་རང་བཞིན་གྱི་མཛེས་པ།།
དཔྱིད་ཀྱི་ཟླ་བའི་མཛེས་སྡུག་ཏུ་བསམ་ཡོད།།
རི་འགོའི་རྩི་ཤིང་ལྗང་མདོག་གིས་བཀླུབས་ནས།།
སྣང་བ་དྭངས་པའི་ཚོར་ཤེས་ཀྱི་གཏིང་ལ།།
ཚུལ་མཐུན་ནང་གི་འཚོ་བ་ཡང་སྐྱིད་པས།།
དཔྱིད་ཀ་ལྟ་བུ་དུས་ཚོད་ཅིག་དཀོན་སྙམ།།
ལོ་ཟླའི་བཞུད་རྒྱུན་སྐད་ཅིག་ཏུ་ཟད་བཞིན།།
སེམས་ཚོར་རྗེན་པ་དཔྱིད་ཀ་ལ་སྦྲེལ་ཞིང་།།
ལས་སྨོན་མཐའ་དག་མཛེས་པ་ལ་སྤྲུལ་ཏེ།།
འཚོ་བའི་ཡང་སྙིང་ལོ་ཟླ་ཡིས་གནང་བྱུང་།།
འཆར་ཡན་དབུས་ཀྱི་ཕྱི་ནང་གི་ལས་འཕྲོ།།
བདེ་དགའི་ངང་དུ་མྱོང་རོལ་དུ་འདོད་དེ།།
དཔྱིད་ཀྱི་ཕོ་ཉས་གསུང་སྙན་ལ་ཞེན་ནས།།
ད་ལྟའི་འཆར་སྒོ་ག་སོང་ཞིག་མེད་ཨང་།།
ཚོར་བའི་སྐྱོ་གདུང་ག་ཚོད་ཀྱི་རྗེས་ནས།།
སྣང་བར་མཐུན་པའི་བྱ་བ་ལ་བྲེལ་ཡང་།།
དཔྱིད་ཀའི་རང་བཞིན་ལྷང་ལྷང་དུ་དྲན་ན།།
སེམས་ཀྱི་ངལ་དུབ་ཐག་རིང་དུ་ཡལ་འགྲོ།།
མཛེས་པའི་རི་མོ་མ་བཅོས་ངང་གསལ་བ།།
མཛེས་སྡུག་བཀྲ་བའི་མེ་ཏོག་རེ་མཐོང་ན།།
མཛེས་ཉམས་སྤུད་པའི་དཔྱིད་ཀ་ལས་མེད་པ།།
མཛེས་མཛེས་དུས་ཀྱི་ཐོག་མ་ནི་ཁྱེད་ཡིན།།
དཔྱིད་ཀྱི་མདངས་དེ་དྲན་སྣང་དུ་འཁོར་དུས།།
ཟླ་བའི་འཛུམ་པ་ལྷམ་མེ་རུ་བཞད་འདྲ།།
ལས་ཀྱིས་སྟེར་བའི་དུས་ཚོད་ཀྱི་བགོ་སྐལ།།
སྣང་བའི་གཞུང་ནས་ཡང་ཡང་དུ་དྲན་ངེས།།
མེ་ཏོག་གང་གིས་ངང་ཚུལ་ཞིག་བཞད་ནས།།
དཔྱིད་ཀྱི་ནམ་ཟླའི་ལང་ཚོ་རང་གསལ་བས།།
ཆར་པ་ཟམ་ཟིམ་ཕྱི་རོལ་དུ་འབབ་སྐབས།།
དཔྱིད་ཀྱི་རང་མདོག་ལམ་མེར་གྱིས་གསལ་བ།།
དུས་ཀྱི་འཕོ་འགྱུར་མྱུར་སྐྱེལ་གྱིས་ཟིན་པ།།
ལོ་འདིའི་དཔྱིད་ཀ་མིག་ལམ་དུ་མངོན་ནས།།
སྤྲོ་སྣང་འདྲེན་པའི་མཛེས་པ་ཡིས་ཁྱབ་སྟེ།།
སེམས་པ་ཇི་བཞིན་མྱོང་རོལ་ཞིག་ཐུབ་ཤོག།
༼ ཁམས་འོད་གསལ། ༽
