国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དཔལ།

རེ་སྒུག་མང་པོ་ཞིག་གི་ཁྲོད་ནས།

ལོ་འཁོར་ཧྲིལ་པོ་གཅིག་རྫོགས་རྗེས།

ཡང་བསྐྱར་ལོ་ཟླ་ཞིག་གི་

དབུ་བརྙེས་སོང་།

སློབ་གྲྭའི་ར་བར་སླེབས་པའི་

དུས་འདིར།

ཁྱོད་ལ་དམིགས་ཡུལ་ཅི་ཞིག་

ཡོད་ཀྱང་ཆོག་མོད།

ཁོར་ཡུག་འདིའི་སྒོ་དང་སྒེའུ་

ཁུང་རེ་རེ་ནས་འཚང་འོང་བའི་

འདུག་མི་སྲིད་པའི་དུས་ཚོད་ཀྱི་

གོམ་སྒྲས།

འཆི་བ་ནི་མ་རིག་པ་ལས་

བྱུང་ཚུལ་འཆད་ཀྱིན་འདུག།

དྲན་པས་བཟོས་པའི་ཀོ་གྲུ་རེ་རེས།

ནང་སེམས་ཀྱི་མཚོ་མོ་བསྐྱོམས་ནས།

འཁྱག་ཤུར་ཤུར་གྱི་མཚན་མོ་

འདི་དག་བརྒལ་དུས།

སྙིང་གི་དགའ་མ་ལྟ་བུའི་

ཟླ་བ་གོར་གོར་གྱིས་བཤད་རྒྱུར།

གསོན་པ་ནི་མདུན་དུ་ཆས་པའི་

ལམ་བར་ནས་རྙེད་པ་རེད་ཟེར།

རྒྱུ་མཚན་དེ་དག་གི་དབང་གིས།

སོ་སོ་ལ་དབང་བའི་ཐོས་

བསམ་གྱི་འཇིག་རྟེན་འདིར།

དུས་ཚིགས་ཀྱི་ཅོང་བརྡ་ལ་

ཡང་ཡང་མཉན་ནས།

རེ་སྙེག་གི་ལྗོན་པ་ལ་ཆར་པ་

གཏོར་བ་ནི།

དཔྱིད་དཔལ་རྒྱས་པའི་

མཛེས་སྡུག་གི་གོ་རིམ་

ཞིག་མ་ཡིན་ནམ།

༼ ལྷ་ཚང་ཚུལ་བསྟན། ༽