སོས་ཀའི་ནོར་འཛིན་ལུས་ཕྲ་
འཛུམ་པའི་ཞལ།།
ནར་མར་མིག་གི་དགའ་སྟོན་
གསལ་བའི་མཐུས།།
ཡ་ཁོག་གློ་བ་རིངས་པའི་
སོ་ཕྲེང་མདངས།།
ཆུ་གཏེར་ཞུན་མ་འཐུངས་སམ་
འཕྱང་ཐག་འཛིན།།
རྩྭ་རྩིའི་ལང་ཚོའི་མཆོར་
ལྭ་ཉེར་བགོས་པས།།
མ་བོས་གཡུ་སྦྲང་མགྲོན་པོ་
ཟ་ཟིས་མྱོས།།
སྣ་ཚོགས་མེ་ཏོག་མཛེས་པའི་
དགའ་ཚལ་ལ།།
བསིལ་རླུང་སྟག་ཤར་བྱིལ་བྱིལ་
བགྱི་ལ་བྲེལ།།
རབ་དཀར་ཆུ་འཛིན་བག་མའི་
མངལ་ཁུར་ལས།།
འཁྱུག་འཁྱུག་གར་ལ་རྩེན་པའི་
བདེ་འཐུང་འཁྲུངས།།
ངུ་ཅོར་དབྱར་སྐྱེས་རྔ་སྒྲ་ཅི་
ཡང་བརྡོལ།།
ཟླ་བོ་མདོངས་མཐའ་དགའ་བའི་
སྒྲོ་མདངས་རྒྱས།།
ཀུན་རྟོག་ཤ་ཚུགས་བརྟས་པའི་
གཞོན་པའི་ཆར།།
དཔྱིད་ཀའི་ཕང་བར་རྩེན་པའི་
སྣང་བརྙན་ཞིག།
དྲན་ཤིང་ཁུར་གྱིས་དུད་པའི་
ཡིན་ནམ་ཅི།།
ད་ཆར་ཝ་ལེར་འཆར་བའི་
གཟུགས་འདི་མཚར།།
མི་ཚོགས་རི་ལ་རྐང་རྗེས་འགོད་
པར་བྲེལ།།
རྒྱ་ཁབ་གཟུགས་ལ་འཁུ་བའི་
རིན་ཆེན་ནོར།།
དབྱར་རྩྭ་དགུན་འབུའི་རྫི་བོ་
སྣང་བྱེད་སྟོང་།།
འགྲན་རྩོད་ཡོ་ལང་བྱེད་པ་
དཔྱིད་ཀྱི་གཤིས།།
༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽
